16
Tue, Apr

༢༠༡༨ལོའི་ཟླ༡༠ཚེས་༢ཉིན་སྲིད་སྐྱོང་མཆོག་གིས་གཱན་དྷི་མཆོག་གི་སྐུའི་འཁྲུངས་སྐར་་བསྲུ་རྩི་བྱེད་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༠ཚེས་༢ཉིན། སྐྱེས་ཆེན་དམ་པ་གཱན་དྷི་མཆོག་གི་སྐུའི་འཁྲུངས་སྐར་ལ་བཙན་བྱོལ་བོད་གཞུང་མང་གཉིས་ནས་རྒྱ་གར་གཞུང་གིས་གཙང་བཟོ་ལས་འགུལ་སྤེལ་བཞིན་པའི་ནང་དུ་ཞུགས་ཤིང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ཀྱིས་གངས་སྐྱིད་ནས་རྡ་སྟེང་བོད་ཁྱིམ་སློབ་གྲྭ་བར་དུ་གཙང་བཟོ་ལས་འགུལ་གྱི་ཆ་ཤས་བླངས་ཡོད་པ་དང་། དེ་བཞིན་བོད་མི་གནས་སྡོད་བྱེད་སའི་རྒྱ་གར་ས་ཕྱོགས་མང་པོ་ཞིག་ནའང་གཙང་བཟོའི་ལས་འགུལ་ནང་མཉམ་ཞུགས་བྱེད་བཞིན་པ་རེད་འདུག

དེ་ཡང་ཟླ་༡༠པའི་ཚེས་༢ཉིན་ཞོགས་པར། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཆེ་རིང་མཆོག ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། བཀའ་དྲུང་ཡིག་ཚང་གི་སྲི་ཞུའི་ལས་བྱེད་བཅས་བཀའ་ཤག་གི་མདུན་ཐང་དུ་ལྷན་འཛོམས་ཐོག དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་རྗེས་ཚོགས་བཅར་བ་ཚང་མས་རྒྱ་གར་རྒྱལ་གླུ་དབྱངས་སུ་གྱེར།

དེའི་རྗེས་སྲིད་སྐྱོང་མཆོག་གིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་དོན། དེ་རིང་ནི་གཱན་དྷི་མཆོག་གི་སྐུའི་འཁྲུངས་སྐར་༡༤༩འཁོར་བའི་ཉིན་མོ་རེད་ལ། རྒྱལ་སྤྱིའི་འཚེ་མེད་ཞི་བའི་ལམ་གྱི་ཉིན་མོའང་ཆགས་ཡོད། བོད་པའི་རྩ་དོན་དེ་ཡང་འཚེ་མེད་ཞི་བའི་ལམ་ནས་མུ་མཐུད་རྩོད་རྒྱུ་དང་འཛམ་གླིང་ཡོངས་ལ་ཞི་བདེ་ཡོང་བར་ཤོག་ཅེས་དང་། དེ་རིང་རྒྱ་གར་གཞུང་གིས་གཙང་བཟོ་ལས་འགུལ་སྤེལ་བཞིན་པ་རེད། དེའི་ནང་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ཀྱིས་གངས་སྐྱིད་ནས་བོད་ཁྱིམ་སློབ་གྲྭ་བར་དུ་གཙང་བཟོ་ལས་འགུལ་ཆ་ཤས་ལེན་གྱི་ཡོད་རེད། དེ་ནས་གཞི་ཆགས་ཁག་དུ་ཡོད་པའི་བོད་མི་ཡིན་ནའང་ས་གནས་གཞི་ཆགས་དང་རྒྱ་གར་གྱི་གྲོང་ཁྱེར། དེ་བཞིན་གྲོང་གསེབ་སོགས་གཙང་མ་བཟོ་རྒྱུར་ཧ་ཅང་གལ་ཆེན་པོ་འདུག གང་ཡིན་ཟེར་ན། རྒྱ་གར་གཙང་མ་ཆགས་ན་རྒྱ་གར་མིའི་འཕྲོད་བསྟེན་ཡར་རྒྱས་འགྲོ་རྒྱུ་དང་གང་ཅིའི་ཐད་ནས་ཕན་ཐོགས་འདུག་ཅེས་རྒྱ་གར་གཞུང་ནས་གསུངས་པ་དང་། དེ་འདྲ་སོང་ཙང་། རྒྱ་གར་གཞུང་གིས་གཙང་བཟོའི་ལས་འགུལ་ཐོག་ལ་ཚང་མས་ཆ་ཤས་ལེན་རོགས་གྱིས་ཞེས་འབོད་སྐུལ་ཞུས་སོང་།

སྲིད་སྐྱོང་གིས་མུ་མཐུད་ནས་གསུང་དོན། ད་ལོ་ལོ་ནི་ཐུགས་རྗེ་ཆེ་ཞུ་པའི་ལོ་ཡིན་ཙང་། ང་ཚོས་ཐུགས་རྗེ་ཆེ་ཞེས་ཚིག་ཙམ་མིན་པར་ལག་ལེན་ཐོག་ནས་རྒྱ་གར་ནང་གང་མང་མང་གཙང་མ་བཟོ་ཐུབ་པ་ཡིན་ན་ཐུགས་རྗེ་ཆེ་ཞེས་ཚིག་དེ་དོན་དམ་པའི་རྣམ་པ་ཞིག་ཆགས་ཀྱི་རེད། ཅེས་གསུངས་སོང་།

གཞན་ཡང་། རྡ་ས་མན་ལོ་གན་ཇི་སྤྱི་ཐང་དུའང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས་གཙང་བཟོའི་ལས་འགུལ་དབུ་འཛུགས་གནང་ཡོད་པ་དང་། ཁོང་གིས་གཙང་བཟོའི་ལས་འགུལ་ལ་འགྲེལ་བརྗོད་གནང་དོན། འདི་ལོ་ནི་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་ཆེ་ཞུ་བའི་ཉིན་མོ་རེད། ང་ཚོ་བཙན་བྱོལ་ལ་འབྱོར་ནས་ལོ་ངོ་༦༠་ལྷག་ཕྱིན་པ་རེད། དེ་རིང་གཙང་བཟོ་བྱེད་པའི་ལས་འགུལ་འདི་ནི་ཐུགས་རྗེ་ཆེ་ཞུ་སྟངས་ཞིག་རེད། རྒྱ་གར་གཞུང་གི་གཙང་བཟོའི་ལས་འགུལ་ནང་བཞུགས་ཏེ་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཞིག་སྟོན་གྱི་ཡོད། དེར་བརྟེན། ཚང་མས་ལས་འགུལ་འདིའི་ནང་མཉམ་བཞུགས་བྱེད་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་སོང་།

དེ་ནས་ས་གནས་རྒྱ་གར་བ་ཞིག་གིས་གཏམ་བཤད་གནང་དོན། གཱན་དྷི་མཆོག་གི་འཚེ་མེད་ཞི་བའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཁོང་གིས་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་གནང་སྟེ་རྒྱ་གར་ལ་རང་བཙན་ཐོབ་པ་རེད། དེ་བཞིན་བོད་གཞུང་གིས་ཀྱང་འཚེ་མེད་ཞི་བའི་ལམ་ནས་བོད་ཀྱི་རང་དབང་ལ་འཐབ་རྩོད་བྱེད་བཞིན་པ་རེད། དེར་བརྟེན། བོད་ལའང་འཚེ་མེད་ཞི་བའི་ལམ་ནས་རང་དབང་ཐོབ་པའི་ཡིད་ཆེས་དང་སྨོན་ལམ་ཞུ་ཡི་ཡོད་ཅེས་གསུངས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།