25
Thu, Apr

དཔལ་ལྡན་སྲིད་སྐྱོང་མཆོག་དང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ། དྲུང་ཆེ་ཚད་མཉམ་བསྟན་འཛིན་ཟླ་སྒྲོན། འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་བཅས་ཀྱིས་བོད་ཀྱི་འགྲེམས་སྟོན་ཁང་གསར་བའི་ལས་འཆར་དེབ་དབུ་འབྱེད་སྐབས། པར་བ་ཆོས་ཉིད།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༡།༡༢ ཉིན་སྤེལ། བོད་ཀྱི་འགྲེམས་སྟོན་ཁང་གསར་པའི་ནང་གི་བཀོད་པ་དང་ཅ་དངོས། མཐུན་རྐྱེན་སོགས་ལ་འགྲོ་སོང་ཧིན་སྒོར་འབུམ་ ༦༠༠ ཙམ་འགྲོ་རྒྱུ་ལས་ཧིན་སྒོར་འབུམ་ ༣༥༠ ཐབས་ཤེས་བྱས་ཟིན་ཡོད་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བརྗོད་སོང་།

དེ་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུང་གི་འགྲེམས་སྟོན་ཚན་པས་བོད་ཀྱི་འགྲེམས་སྟོན་ཁང་གསར་པ་འཛུགས་རྒྱུའི་ལས་འཆར་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་དྷ་ས་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་བསྐོངས་སོང་བ་དང་། དེ་གར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་དང་། ཕྱི་དྲིལ་གྱི་དྲུང་ཆེ་རྣམ་གཉིས། འགྲེམས་སྟོན་ཚན་པའི་འགན་འཛིན་དང་ལས་བྱེད། འགྲེམས་སྟོན་ཁང་གསར་པའི་ལས་གཞིར་མཐུན་སྦྱོར་བྱེད་མཁན་གྱི་ཕྱི་རྒྱལ་ཁག་ཅིག་བཅས་ཀྱིས་མཉམ་ཞུགས་བྱས་སོང་།

དེ་ཡང་གོང་ཚེས་ཀྱི་ཉིན་གུང་ཚོུད་ ༡།༠༠ ཐོག འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ཀྱི་འབྲེལ་ཡོད་གཏམ་བརྗོད་དུ། "བཞུགས་སྒར་ངྷ་སའི་ཉེ་འཁོར་དུ་ཡོད་པའི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གིས་དྲིལ་བསྒྲགས་ཀྱི་ནུས་ཤུགས་ཆེན་པོ་ཐོན་ཡོད་སྟབས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་ལས་བོད་ཀྱི་འགྲེམས་སྟོན་ཁང་གསར་པ་ཞིག་གི་ལས་གཞི་འགྲོ་བཞིན་ཡོད་ཅིང་། བོད་དོན་དྲིལ་བསྒྲགས་ཤུགས་ཆེ་རུ་གཏོང་བ་དང་བོད་དོན་རྒྱབ་སྐྱོར་ཐོབ་ཆེད་དུ་ཡིན།" ཅེས་དང་།

གཞན་ཡང་ཁོང་གིས་བརྗོད་པར། "འགྲེམས་སྟོན་གསར་པ་དེའི་ནང་བོད་ཀྱི་ངོ་སྤྲོད་སྙིང་བསྡུས། རྒྱ་དམར་གྱིས་བོད་ལ་བཙན་འཛུལ་མ་བྱས་གོང་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། ད་ལྟའི་བོད་ནང་གི་གནས་སྟངས་དང་། ཁོར་ཡུག ༧གོང་ས་མཆོག་གི་མཛད་རྣམ་སོགས་ཀྱི་བརྗོད་གཞི་༡༡ ཐོག་སྒྲིག་གཤོམ་གཏན་འཇགས་བྱ་རྒྱུ་དང་། དེ་བཞིན་དུས་ཐུང་འགྲེམས་སྟོན་སྡེ་ཚན་། གློག་བརྙན་སོགས་ཀྱི་སྡེ་ཚན་བཟོ་ཆར་ཡོད་འདུག འགྲེམས་སྟོན་ཁང་གི་མཉེན་ཆས་དང་སྐད་རིགས་འདྲ་མིན་གྱི་འགྲེལ་བཤད་ཡོད་པའི་སྒྲ་ཉན་མཐུན་རྐྱེན་ཡང་བསྐྲུན་འཆར་ཡོད།" ཅེས་བརྗོད་སོང་།

དྲིལ་བསྒྲགས་དྲུང་ཆེ་ཚད་མཉམ་བསྟན་འཛིན་ཟླ་སྒྲོན་གྱི་གཏམ་བརྗོད་དུ། "འགྲེམས་སྟོན་ཁང་གསར་པ་དེའི་ནང་། རྒྱ་ནག་གི་བོད་དབང་སྒྱུར་ལ་བརྟེན་ནས་འདས་གྲོངས་སུ་སོང་བའི་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ཀྱི་དྲན་རྟེན་གྱི་སྡེ་ཚན་ཞིག་ཡོད་ཅིང་། བརྗོད་གཞི་དེའི་ཐོག་ནང་དོན་དང་འབྲེལ་བསམ་ཚུལ་གང་ཡོད་འདོན་པའི་ཡོངས་ཁྱབ་སྒྱུ་རྩལ་འགྲན་སྡུར་ཞིག་གོ་སྒྲིག་བྱ་རྒྱུ་ཡིན་ཞིང་། སྐབས་དེའི་ཨང་དང་པོ་ཐོབ་མཁན་ལ། ཧིན་སྒོར་འབུམ་གཅིག་བྱ་དགར་སྤྲོད་རྒྱུ་ཡིན་ལ། འགྲན་སྡུར་དེ་ནི་འདི་ལོའི་ཟླ་ ༣ པའི་ ༡༠ ཉིན་མཇུག་གྲུབ་བྱེད་ཀྱི་ཡིན།" ཅེས་བརྗོད་སོང་།

དེ་བཞིན་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུའི་གཏམ་བརྗོད་དུ། "བོད་ཀྱི་འགྲེམས་སྟོན་ཁང་དེ་རྒྱལ་སྤྱི་རང་བཞིན་ཡོང་ཆེད་དུ། འགྲེམས་སྟོན་ཆེད་ལས་པའི་ལས་བྱེད་གསོ་སྐྱོང་བྱེད་རྒྱུ་ཡིན་པ་དང་། འགྲེམས་སྟོན་དང་འབྲེལ་བའི་སློབ་ཚན་ཐོག་གཙུག་ལག་རབ་འབྱམས་པའི་ལོ་གཉིས་ཀྱི་སློབ་ཡོན་ཧིན་སྒོར་འབུམ་གཉིས་ཀྱི་སློབ་ཡོན་སྤྲོད་ཀྱི་ཡིན། " ཞེས་གསལ་བསྒྲགས་བྱས་སོང་།

མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུང་བཤད་དུ། "བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་ལྟར། བཙན་བྱོལ་དུ་ལོ་ངོ་ལྔ་བཅུར་གནས་དགོས་ཚེ། བདེན་པ་བཤད་ཐུབ་པ་དང་། བོད་དོན་ལ་གོ་རྟོགས་སྤེལ་ནས་རྒྱབ་སྐྱོར་ཐོབ་ཆེད་དུ་འགྲེམས་སྟོན་ཁང་གསར་པ་དེ་གལ་ཆེན་ཆགས་ཀྱི་ཡོད་ཅིང་། འགྲེམས་སྟོན་ཁང་གསར་པ་དེའི་ནང་གི་བཀོད་རིས་དང་མཐུན་རྐྱེན་སོགས་ཀྱི་ཐོག་ལ་འགྲོ་སོང་ཧིན་སྒོར་འབུམ་ ༦༠༠ འགྲོ་སོང་བཏང་དགོས་ཤིང་། ད་སྔ་ཧིན་སྒོར་འབུམ་ ༣༥༠  ཐབས་ཤེས་བྱས་ཟིན་ཡོད། "ཅེས་གསུངས་སོང་།
གཞན་ནི། ཕྱི་ལོ་༢༠༡༨ ཟླ་ ༦ ནས་ ༧ པའི་ནང་དུ། འགྲེམས་སྟོན་ཁང་གསར་པ་དེ་འཛུགས་སྐྲུན་ཡོངས་གྲུབ་ཡོང་བ་ཡིན་པ་བཅས།།

བོད་ཀྱི་ལོ་རྒྱུས་ཡིག་ཆ།