30
Wed, Nov

རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢་ཟླ་༡༡་ཚེས་༤་སྤེལ། རྒྱ་གཞུང་གིས་རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་བཅས་ལ་སྐྱབས་རྟེན་དང་བསྔོ་རྟེན་ཞུ་ཆེད་ཕྱི་རྒྱལ་དུ་དངུལ་སྒོར་བསྐུར་བའི་ཉེས་མིང་འོག་མི་ལོ་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག

དེ་ཡང་། བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། རྔ་བ་ཀིརྟི་དགོན་ནས་ཡིན་པའི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ཕྱི་ལོ་༢༠༢༡་ཟླ་༤་ཚེས་༣་ཉིན་རྒྱ་གཞུང་ཉེན་རྟོག་པས་གློ་བུར་དུ་ཁྲིན་ཏུའུ་གྲོང་ཁྱེར་ནས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་ལོ་གཅིག་ལྷག་བཀག་ཉག་བྱས་རྗེས་ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་བཅས་ལ་སྐྱབས་རྟེན་དང་བསྔོ་རྟེན་ཞུ་ཆེད་ཕྱི་རྒྱལ་དུ་དངུལ་སྒོར་བསྐུར་བའི་ཉེས་མིང་འོག་མི་ལོ་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན། དགེ་བཤེས་བསོད་ནམ་རྒྱ་མཚོ་ལགས་ཁྲིན་ཏུའུ་གྲོང་ཁྱེར་ལ་གུང་སེང་དུ་ཕེབས་སྐབས། ཕྱི་ལོ་༢༠༢༢་ཟླ་༤་ཚེས་༣་ཉིན་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་འདུག དེ་ནས་འབའ་ཁམས་ཀྱི་ཉེན་རྟོག་ཁང་ཞིག་ཏུ་འདྲི་རྩད་བྱས་ནས་ལོ་གཅིག་ལྷག་བཀག་ཉག་བྱས་འདུག ཉེན་རྟོག་པས་ཁོང་གི་ཁ་པར་ནང་དུ་དེ་སྔོན་༧རྒྱལ་བ་རིན་པོ་ཆེ་དང་ཀིརྟི་རིན་པོ་ཆེ་བཅས་ལ་སྐྱབས་རྟེན་དང་བསྔོ་རྟེན་ཞུ་ཆེད་དངུལ་སྐུར་ཡོད་པར་ཤེས་རྟོགས་བྱུང་འདུག དེ་ནས་རྒྱ་གཞུང་གི་ཁྲིམས་ཁང་ཞིག་ནས་ཕྱི་ལོ་༢༠༢༢་ཟླ་༧་པའི་ནང་དུ་ཁོང་ལ་མི་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ཀྱི་སྲིང་མོ་ཆེ་བ་ཚེ་རིང་ལྷ་མོ་ཡང་ཕྱི་ལོ་༢༠༢༡་ལོའི་ནང་དུ་འཛིན་བཟུང་བྱས་ཡོད་པ་དང་། ཁོ་མོ་འཛིན་བཟུང་བྱས་དགོས་པའི་རྒྱུ་མཚན་དང་ད་ལྟར་གང་དུ་བཀག་ཉག་ཡང་ན་ཁྲིམས་ཐག་བཅད་ཡོད་མེད་སོགས་ཤེས་རྟོགས་བྱུང་མི་འདུག ཁོ་མོ་དེ་སྔ་རྔ་པ་རྫོང་ཐོག་ཏུ་དངུལ་ཁང་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་འདུག

དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ནི། རྔ་བ་ལྷ་སྡེ་འགབ་མ་ནས་ཡིན་པའི་ཕ་ཚེ་རིང་ལགས་ཀྱི་བུ་ཡིན་འདུག ཆུང་དུས་ནས་གྲྭ་པ་བྱས་ནས་ཀིརྟི་དགོན་དུ་སློབ་གཉེར་གནང་ཡོད་པ་དང་། དེ་ནས་གཞུང་ཆེན་བཀའ་པོད་ལྔར་ཐོས་བསམ་སློབ་གཉེར་རིམ་པ་གནང་ནས་དགེ་བཤེས་བཏང་ཡོད་འདུག དེའི་རྗེས་ཀིརྟི་དགོན་གྱི་དགེ་བསྐོས་དང་ཆོས་ལུགས་དོ་དམ་ཨུ་ཡོན་ལྷན་ཁང་ཞེས་པའི་འགན་འཛིན་གཞོན་པའི་ལས་འགན་སོགས་བཞེས་མྱོང་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།