07
Tue, Dec

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༡༠་ཚེས་༢༢་ཉིན་སྤེལ། བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཆོས་འཕེལ་ལགས་ཉེ་ཆར་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། རྔ་བ་ཀིརྟི་དགོན་པའི་གྲྭ་པ་གཞན་ཁག་ཅིག་ཀྱང་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་བཏང་བའི་གནས་ཚུལ་ལྟར་ན། ཕྱི་ལོ་༢༠༢༡ ཟླ་༡༠ ཚེས་འགོ་ཙམ་ལ་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཆོས་འཕེལ་ལགས་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ཁོང་དེ་སྔོན་ཕྱི་ལོ་༢༠༠༨ ལོར་ལྷ་ས་དང་། ཕྱི་ལོ་༢༠༡༡ ལོར་རྔ་བ་བཅས་ནས་འཛིན་བཟུང་བྱས་ནས་བཙོན་དུ་ཟླ་བ་བཞི་ལྷག་རེ་བཀག་ཉར་བྱས་མྱོང་འདུག

གྲྭ་བློ་བཟང་ཆོས་འཕེལ་ལགས་ནི་རང་ལོ་༣༤ ཡིན་པ་དང་། ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མི་འདུག ཟླ་འདིའི་ཟླ་འགོར་རྔ་བ་ཀིརྟི་དགོན་པའི་གྲྭ་པ་གཞན་ཁག་ཅིག་ཀྱང་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག འོན་ཀྱང་། ཁོང་ཚོའི་མཚན་དང་ཕ་ཡུལ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མི་འདུག

དགེ་འདུན་པ་བློ་བཟང་ཆོས་འཕེལ་ལགས་ཀྱི་ཕ་ཡུལ་ནི་རྔ་སྲིབ་ཀ་ཉག་སྡེ་བའི་རུ་བ་ཚང་གི་ཡིན་ཞིང་། ཕ་མིང་ལ་རིག་ཁོ། (ཚེ་འདས།) མ་མིང་ལ་ཚེ་རིང་སྐྱིད། སྤུན་བཞི་ཡོད་པའི་གསུམ་པ་དེ་ཡིན་པ་དང་། ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་འདུག དེང་སྐབས་ཀྱི་ལས་འགན་ནི། དགོན་པ་གཞུང་གི་གློག་ཀླད་སྡེ་ཚན་གྱི་ལས་བྱེད་དང་། པར་པ་ཡིན་པར་མ་ཟད། ཁོ་རང་སྒེར་ངོས་ནས་ཀྱང་རྒྱུན་དུ་ཡུལ་ལྗོངས་སོགས་པར་ལེན་བྱེད་རྒྱུར་ཧ་ཅང་དགའ་པོ་ཡོད་མཁན་ཞིག་ཡིན་པ་དང་། བོད་ནང་ཁུལ་གྱི་པར་ལེན་སྒྱུ་རྩལ་འགྲན་སྡུར་ཁ་ཤས་ནང་ཞུགས་ནས་བྱ་དགའ་ཨང་དང་པོ་སོགས་ཐེངས་འགར་ཐོབ་ཡོད་འདུག རྒྱུན་དུ་ཁོ་རང་གི་འདྲ་པར་རྣམས་དྲ་ལམ་སོགས་སུ་བཀྲམ་སྐབས་རེར་ཟླ་འོད་ཅེས་པའི་མིང་དེ་བེད་སྤྱོད་བྱེད་བཞིན་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།