26
Tue, Oct

བོད་ཁམས་རྫ་དབོན་པོ་ཡུལ།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༩་ཚེས་༣༠ཉིན་སྤེལ། ཉེ་ཆར་ཟླ་བརྒྱད་པ་དང་དགུ་པའི་ནང་དུ། རྒྱ་གཞུང་གིས་བོད་ཁམས་སེར་ཤུལ་རྫ་སྨད་དབོན་པོ་སྡེ་བ་དང་དགོན་པར་༸གོང་ས་མཆོག་གི་སྐུ་པར་བཤམས་ཡོད་མེད་དང་། ཕྱི་ཕྱོགས་ལ་འབྲེལ་བ་བྱས་ཡོད་མེད་ཀྱི་རྟོག་ཞིབ་ཀྱིས་དམ་དྲག་བྱས་ནས་ཁྱོན་བོད་མི་༡༢༡་འཛིན་བཟུང་བྱས་ཡོད་པའི་ཁྲོད་ནས་དགེ་འདུན་པ་གསུམ་ལས་གཞན་རྣམས་ད་ལྟར་གློད་གྲོལ་བཏང་ཡོད་འདུག

དེ་ཡང་། འདི་གའི་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། འདི་ལོ་ཟླ་༨་པའི་ཟླ་མཇུག་དང་ཟླ་དགུ་པའི་ཟླ་མགོ་བར་རྫ་དབོན་ཡུལ་ནས་༸གོང་ས་མཆོག་གི་སྐུ་པར་དང་འབྲེལ་བའི་ཐོག་ནས་འཛིན་བཟུང་བྱས་པའི་བོད་མི་༡༢༡་ཁྲོད་ནས་ད་ལྟར་དགེ་འདུན་གསུམ་ལས་གཞན་ཚང་མ་གློད་གྲོལ་བཏང་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན། འདི་ལོ་ཟླ་༩་ཚེས་༣ཉིན། རྫ་སྟོད་ཉེན་རྟོག་པས་དགེ་འདུན་པ་དྲུག་དང་བུད་མེད་གཉིས་བཅས་ཁྱོན་བོད་མི་དྲུག་འཛིན་བཟུང་བྱས་པའི་ཁྲོད་ཀྱི་དགེ་འདུན་གསུམ་ད་དུང་བཀག་ཉར་བྱས་འདུག གཞན་ཚང་མ་གློད་གྲོལ་བཏང་འདུག འོན་ཀྱང་། ཁོ་ཚོ་བཀག་ཉར་བྱེད་རིང་རྡུང་རྡེག་མནར་གཅོད་དྲག་པོ་བཏང་ཡོད་འདུག དེ་བཞིན་ཁོ་ཚོར་རྒྱལ་ཁབ་ལ་ཤ་ཞེན་དགོས་པའི་སློབ་གསོ་བཏང་འདུག་པ་མ་ཟད། རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་མི་འགལ་བ་དང་། རྒྱལ་ཁབ་ལ་གནོད་པའི་བྱ་བ་མི་སྒྲུབ་པ། རྒྱལ་ཁབ་ཁ་བྲལ་ཀྱི་ལས་རིགས་མི་བྱེད་པ་བཅས་ཁས་ལེན་བྱས་བཅུག་ཡོད་འདུག ད་དུང་། ཉིན་རེར་དམག་སྦྱོང་གི་སྦྱོང་བརྡར་སྤྲད་ཡོད་པ་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱལ་གླུ་སློབ་སྦྱོང་བྱས་བཅུག་ནས་མ་ཤེས་ཚེ་ཉེས་རྡུང་ཀྱང་བཏང་འདུག

ཁོང་གིས་མུ་མཐུད་ནས་བརྗོད་དོན། རྒྱ་གཞུང་ལས་བྱེད་པས་རྫ་དབོན་གྱི་མང་ཚོགས་ནང་དུའང་རྒྱལ་ཁབ་ལ་ཤ་ཞེན་དགོས་པ་དང་། ཏང་གི་བཀའ་དྲིན་དྲན་དགོས་པ་ཟེར་བ། ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མི་ཆོག་པ། ༸གོང་ས་མཆོག་གི་སྐུ་པར་ཉར་ཆོག་གི་མེད་པ་སོགས་ཀྱི་སློབ་གསོ་ལས་རིམ་འགྲོ་བཞིན་པ་རེད་འདུག སྐད་འཕྲིན་ཚོགས་པ་དང་གཞན་ཚོགས་པ་འཛུགས་མི་མཆོག་པ། གལ་སྲིད་ཚོགས་པ་འཛུགས་དགོས་ཚེ་སྲིད་གཞུང་གི་ལས་བྱེད་གཅིག་དེའི་ནང་དུ་ཞུགས་དགོས་ཞེས་བརྗོད་ཡོད་འདུག དེར་བརྟེན། དེའི་སྔོན་ཁོར་ཡུག་སྲུང་སྐྱོབ་དང་སྐད་ཡིག་སྲུང་སྐྱོབ་ཚོགས་པ་དེ་དག་རང་བཞིན་སྒོ་རྒྱག་དགོས་པ་ཆགས་འདུག དེ་ནི་གྱོང་ཆེན་པོ་ཞིག་རེད། དེ་སྔོན་སྐད་ཡིག་སྲུང་སྐྱོབ་ཚོགས་པ་དེས་མང་ཚོགས་ལ་བོད་ཡིག་བསླབས་ནས་ཡིག་རྨོངས་སེལ་ཡོད།

དེ་སྔོན་དགོན་པའི་ནང་དུ། རང་ལོ་བཅོ་བརྒྱད་མ་སླེབས་བར་དུ་དགོན་པའི་ནང་དུ་ཞུགས་མི་ཆོག་པ་བཟོས་ཡོད། ད་ལྟ་ཕ་མ་ཚོས་བུ་ཕྲུག་ཚོས་རང་ལོ་བཅོ་བརྒྱད་མ་ལོན་བར་དུ་དགོན་པའི་ནང་དུ་མི་གཏོང་བའི་ཁས་ལེན་དམ་བཅའ་བྱས་ནས་ས་ཡིག་རྒྱག་དགོས་ཡོད་འདུག ཅེས་འགྲེལ་བརྗོད་གནང་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།