26
Tue, Oct

རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་སྤྲོ་ཚིགས་དགོན་པའི་དགེ་བསྐོས་དཀོན་མེ་ལགས་དང་། གློད་གྲོལ་བཏང་བའི་དགེ་འདུན་པ་བློ་བཟང་བསྟན་འཛིན།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༨་ཚེས་༥ཉིན་སྤེལ། ཉེ་ཆར་བོད་མདོ་སྨད་རྔ་པ་རྫོང་སྤྲོ་ཚིགས་དགོན་པའི་དགེ་བསྐོས་དཀོན་མེ་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་གནས་ཚུལ་འབྱོར་འདུག འོན་ཀྱང་། ཁོང་འཛིན་བཟུང་བྱས་དགོས་པའི་རྒྱུ་མཚན་སོགས་ད་དུང་གསལ་ཁ་བྱུང་མི་འདུག

དེ་ཡང་། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་བཏང་བའི་གནས་ཚུལ་ནང་དུ། ཕྱི་ལོ་ ༢༠༢༡ ཟླ་༨ ཚེས་ ༣ ཉིན་བོད་ནས་གནས་ཚུལ་འབྱོར་བར། རང་ལོ་༤༥་ཙམ་ཡིན་པའི་རྔ་པ་རྫོང་སྤྲོ་ཚིགས་དགོན་པའི་དགེ་བསྐོས་དཀོན་མེ་ལགས། ཟླ་སྔོན་མའི་ཚེས་༢༠ ཡས་མས་ཤིག་ལ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ད་ལྟ་མུ་མཐུད་བཀག་ཉར་བྱས་ཡོད་ཅིང་། ཁོང་འཛིན་བཟུང་བྱས་དོན་དང་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ད་དུང་ཤེས་རྟོགས་བྱུང་མ་སོང་། ཞེས་འགྲེལ་བརྗོད་བྱས་འདུག

དགེ་བསྐོས་དཀོན་མེ་ལགས་ནི་སྤྲོ་ཚིགས་ཡུལ་ཚོའི་སྤྲོ་ཚིགས་སྡེ་བའི་གླང་ཚང་ནས་ཡིན་ཞིང་། ཆུང་ཆུང་སྐབས་ནས་སྤྲོ་ཚིགས་དགོན་པར་ཆོས་ཞུགས་བྱས་པ་ཞིག་ཡིན།

དེ་མིན་ཉིན་ཤས་སྔོན་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་འཛིན། ལོ་༡༠ ལྷག་ལ་བཙོན་འཇུག་བྱས་རྗེས་གློད་གྲོལ་ཐོབ་ཡོད་ཀྱང་ཁོང་གི་གཟུགས་པོའི་གནས་སྟངས་སོགས་གསལ་པོ་ཤེས་རྟོགས་མ་བྱུང་། ཁོང་ནི་ཕྱི་ལོ་༢༠༡༡ ཟླ་༣ ཚེས་༡༦ ཉིན་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ལ་བསྙད་བཏགས་ནས་ལོ་དེའི་ཕྱི་ཟླ་༣ ཚེས་༢༣ ཉིན་འཛིན་བཟུང་བྱས་ཏེ། ཕྱི་ཟླ་༨ ཚེས་༢༨ ཉིན་འབར་ཁམས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ལོ་བཅུ་གསུམ་གྱི་བཙོན་འཇུག་ཐག་གཅོད་བྱས་ཏེ། ཉེ་ཆར་ལོ་༡༠ ལྷག་འདས་རྗེས་དུས་ཡུན་མ་ཚང་གོང་གློད་གྲོལ་བཏང་ནས་ཕ་ཡུལ་དུ་འབྱོར་ཡོད། ཅེས་བརྗོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།