18
Thu, Apr

རྒྱ་གཞུང་གིས་དྲ་རྒྱ་བཀག་སྡོམ་བྱེད་པ།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༧་ཚེས་༨་ཉིན། རྒྱ་གཞུང་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་རྣམས་དྲ་རྒྱ་བརྒྱུད་ཕྱི་རྒྱལ་ཁག་ལ་མཁོ་སྤྲོད་བྱེད་མི་ཆོག་པ་དང་། རྒྱལ་སྤྱིའི་དྲ་སྦྲེལ(VPN)བེད་སྤྱོད་བྱས་ནས་ཕྱི་རྒྱལ་གྱི་གནས་ཚུལ་ལྟ་མི་ཆོག་པ་སོགས་ཀྱི་དོན་ཚན་ཉི་ཤུ་ཅན་གྱི་གསལ་བསྒྲགས་ཤིག་སྤེལ་ནས་དྲ་རྒྱ་ཐོག་བཀག་སྡོམ་ཤུགས་ཆེ་རུ་བཏང་འདུག

དེ་ཡང་། གོང་ཚེས་ཉིན། ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བ་ལས་དྲ་རྒྱའི་འཕྲིན་གཏོང་བྱེད་སྒོའི་བྱེད་མི་ཆོག་པ་དོན་ཚན་ཉི་ཤུ་དང་རབ་བཏགས་རི་མོ་ཞིག་འགྲེམས་སྤེལ་བྱས་འདུག དེ་དག་གི་ནང་དུ། བོད་ནང་གི་དངོས་ཡོད་གནས་ཚུལ་རྣམས་ཕྱི་རྒྱལ་ལ་མཁོ་སྤྲོད་བྱ་རྒྱུར་བཀག་འགོག་བྱེད་ཆེད། དྲ་རྒྱ་བརྒྱུད་ནས་ “རྒྱལ་ཁབ་ཀྱིས་ཡོངས་བསྒྲགས་བྱས་མེད་པའི་ཆ་འཕྲིན་མཁོ་འདོན་བྱེད་མི་ཆོག” ཅེས་དོན་ཚན་བཞི་པའི་ནང་དུ་འཁོད་འདུག

དེ་བཞིན། ༸གོང་ས་མཆོག་དང་བླ་ཆེན་ཁག་གི་གསུང་ཆོས་ཀྱི་དེབ་དང་འོད་སྡེར་སོགས་ཉར་ཚགས་བྱེད་རྒྱུར་བཀག་སྡོམ་བྱེད་ཆེད། དྲ་རྒྱ་བརྒྱུད་“རྨོངས་དད་ཆོས་ལུགས་པ་སོགས་ཆོས་ལོག་རྩ་འཛུགས་སྒྲིག་འཛུགས་དང་སྤྱད་ནས་བཅའ་ཁྲིམས་ལག་ལེན་བསྟར་རྒྱུར་གཏོར་བཤིག་གཏོང་མི་ཆོག” ཞེས་དོན་ཚན་དགུ་པའི་ནང་དུ་འཁོད་འདུག

གཞན་ཡང་། བོད་མི་རྣམས་ཀྱིས་ཞི་བའི་ངོ་རྒོལ་དང་རྔམ་སྟོན་ཁྲོམ་སྐོར་བྱ་རྒྱུར་བཀག་སྡོམ་ཆེད། “ཁྲིམས་འགལ་གྱི་འདུ་ཚོགས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་སྒྲིག་འཛུགས་དང་དེའི་ནང་ཞུགས་མི་ཆོག” ཅེས་དོན་ཚན་བཅུ་གཅིག་གི་ནང་དུ་འཁོད་འདུག

རྒྱལ་སྤྱིའི་དྲ་སྦྲེལ(VPN)་ནི་བོད་ནང་གི་བོད་མི་ཚོས་རྒྱལ་སྤྱིའི་གནས་ཚུལ་རྟོགས་པའི་དྲ་སྦྲེལ་ཁོ་ན་ཡིན། རྒྱ་གཞུང་གིས་དེ་བཀག་སྡོམ་བྱས་ནས་ཕྱིའི་གནས་ཚུལ་རྣམས་བཀག་འགོག་བྱས་འདུག དེ་ཡང་དོན་ཚན་བཅོ་ལྔ་པའི་ནང་དུ་ “ཆོག་མཆན་མ་ཐོབ་པར་རྒྱལ་སྤྱིའི་དྲ་སྦྲེལ(VPN)ལས་སྒོ་གཉེར་བ་དང་། ཁྲིམས་གཏན་མིན་པའི་འཕྲིན་ལམ་བརྒྱུད་རྒྱལ་སྤྱིའི་དྲ་སྦྲེལ་རང་དགར་འཛུགས་པ་དང་བེད་སྤྱོད་བྱེད་མི་ཆོག” ཅེས་འཁོད་འདུག

དེ་བཞིན། བོད་ནང་གི་བོད་མི་ཚོས་སྐད་འཕྲིན་ཚོགས་པ་དང་དྲ་ཚིགས་བཅས་འཛུགས་མི་ཆོག་པ་དང་། དེ་དག་ནང་དུ་ཞུགས་ནས་རང་དབང་ངང་བརྙན་ཐུང་དང་ཡིག་ཆ་ལྟ་བ་དང་གསོག་ཉར་བྱས་པ་ནི་ཁྲིམས་འགལ་ཡིན་པར་བརྗོད། དེ་ཡང་དོན་ཚན་བཅུ་དགུ་པ་ནང་དུ་ “དྲ་ཚིགས་དང་འཕྲིན་ཚོགས་པ་དང་ཚོགས་ཆུང་འཛུགས་པ་དང་། ཁྲིམས་འགལ་གྱི་ཉེས་གསོག་ཆ་འཕྲིན་ཡོངས་བསྒྲགས་བྱེད་པ། དྲ་རྒྱའི་འཕྲིན་གཏོང་ཡོ་བྱད་སྤྱད་ནས་དེ་རིགས་ཀྱི་དྲ་ཚིགས་དང་འཕྲིན་གཏོང་ཚོགས་པའི་ནང་ཞུགས་ནས་ཆ་འཕྲིན་བལྟ་བ་དང་། ཡོངས་བསྒྲགས་བྱེད་པ། དྲ་རྒྱའི་འཕྲིན་གཏོང་སྤྱད་ནས་དྲ་རྒྱའི་འཕྲིན་གཏོང་གི་སྤྱི་པའི་སྒྲིག་བཀོད་གཏོར་བཤིག་གཏོང་བ་བཅས་བྱེད་མི་ཆོག” ཅེས་འཁོད་འདུག

བོད་ཀྱི་རིག་གཞུང་དང་སྐད་ཡིག ཆོས་ལུགས་བཅས་ཡར་རྒྱས་དང་ཁྱབ་སྤེལ་བྱས་ན་རྒྱལ་ཁབ་ཁ་བྲལ་གཏོང་བའི་ཉེས་མིང་བཏགས་ཡོད། དེ་ཡང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལྟ་བུ་རེད། ཁོང་གིས་བོད་ཀྱི་སྐད་ཡིག་སྦྱོང་བའི་ཐོབ་ཐང་རྩོད་པར་བརྟེན་ནས་རྒྱ་གཞུང་གིས་ཁོང་ལོ་ངོ་བདུན་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། དེ་ཡང་དོན་ཚན་བདུན་པ་ནང་དུ“རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་གཏོང་བ་དང་། རྒྱལ་ཁབ་ཁ་བྲལ་གཏོང་མི་ཆོག” ཅེས་འཁོད་འདུག དོན་ཚན་ཉི་ཤུ་ཡོད་པ་རྣམས་ལས་ཁྲིམས་འགལ་བྱས་ཚེ་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།