18
Thu, Apr

༢༠༡༩་ལོའི་ཟླ་༡༡་ཚེས་༡༨་ཉིན། རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་གྲྭ་ཉི་མེ་ལགས་སོགས།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༡་ཚེས་༢༢་ཉིན་སྤེལ། ཉེ་ཆར་བོད་སེར་ཤུལ་རྫོང་རྫ་དབོན་པོ་ཡུལ་ཚོ་ནང་དུ་ཡོད་པའི་རྒྱ་གཞུང་གི་ལས་ཁུངས་ཀྱི་ར་སྐོར་ནང་དུ། བོད་རང་བཙན་འཐོབ་དགོས་པའི་ཡིག་ཆ་བརྒྱ་ཕྲག་གཏོར་ཡོད་པ་དང་། ལས་འགུལ་དེ་དང་འབྲེལ་བའི་གྲྭ་ཀུན་གསལ་དང་། གྲྭ་རྟ་མེ། གྲྭ་བསོད་བཀྲ གྲྭ་ཚུལ་ཁྲིམས་དང་ཁོ་ཚོའི་དགེ་རྒན་ཤེར་རྒྱམ་བཅས་འཛིན་བཟུང་བྱས་འདུག དེའི་རྗེས། གྲྭ་ཉི་མེ་ཡིས་དྲ་ཐོག་ཏུ་ཁོ་ཚོར་བསྔགས་བརྗོད་ཀྱི་ཡིག་གེ་བྲིས་པར་བརྟེན་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

དེ་ཡང་། བོད་ནས་འབྱོར་བའི་ཁུངས་ལྡན་གནས་ཚུལ་ལྟར་ན། ཟླ་འདིའི་ཚེས་༧་ཉིན་གྱི་མཚན་མོར། རྫ་དབོན་པོ་ཡུལ་ཚོའི་རྒྱ་གཞུང་གི་ལས་ཁུངས་ཀྱི་ར་སྐོར་ནང་དུ་བོད་རང་བཙན་འཐོབ་དགོས་སྐོར་གྱི་ཡིག་ཆ་གཏོར་བ་བརྟེན་ནས། སེར་ཤུལ་རྫོང་གི་རྫ་དབོན་པོ་དགོན་པའི་གྲྭ་པ་ཀུན་གསལ་རང་ལོ་༢༠་དང་། གྲྭ་རྟ་མེ་རང་ལོ་༡༨་ཡས་མས། གྲྭ་བསོད་བཀྲ་རང་ལོ་༡༨་ཡས་མས། གྲྭ་ཚུལ་ཁྲིམས་རང་ལོ་༡༨་ཡས་མས་བཅས་ཡིག་ཆ་དེ་དག་གཏོར་མཁན་ཡིན་པའི་དོགས་གཞི་འོག་ཏུ་རྒྱ་གཞུང་ཉེན་རྟོགས་པས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག དེ་བཞིན་ཁོ་ཚོའི་དགེ་རྒན་གྲྭ་ཤེར་རྒྱམ་ཡང་འཛིན་བཟུང་བྱས་འདུག དེའི་རྗེས། གྲྭ་ཉི་མེ་ལགས་ཀྱིས་དྲ་ཐོག་ཏུ་ཁོ་ཚོར་བསྔགས་བརྗོད་དང་རྒྱབ་བརྗོད་ཀྱི་ཡིག་གེ་བྲིས་པར་བརྟེན་ནས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

ཟླ་འདིའི་ཚེས་༡༨་ཉིན། རྒྱ་གཞུང་ཉེན་རྟོག་པས་གྲྭ་ཉི་མེ་ལགས་ཀྱིས་དྲ་ཐོག་ཏུ་ཁོ་ཚོར་བསྔགས་བརྗོད་དང་རྒྱབ་བརྗོད་ཀྱི་ཡིག་གེ་བྲིས་པར་བརྟེན་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག གཞན། དགེ་རྒན་ཤེར་རྒྱལ་ལགས་འཛིན་བཟུང་བྱས་རྗེས་ཀྱི་ཉིན་༡༡་རྗེས་སུ་ཟླ་འདིའི་ཚེས་༡༨་ཉིན་གློད་གྲོལ་བཏང་ཡོད་འདུག

གནས་ཚུལ་འདི་འབྱུང་རྐྱེན་ནི། བོད་སེར་ཤུལ་རྫོང་གི་ས་གནས་རྫ་དབོན་ས་ཁུལ་དུ་ཉེ་ཆར་རྒྱ་གཞུང་གིས་གྲོང་པའི་ནང་དུ་ཁང་པ་གསར་པ་བརྒྱབ་སྟེ། འབྲོག་པ་རྣམས་ཁང་པ་གསར་དེ་དག་གི་ནང་དུ་གནས་སྤོ་བྱས་བཅུག་ཡོད་འདུག་དེའི་སྐབས་སུ། ཁང་གསར་ནང་དུ་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་མར་བླངས་ནས། མའོ་ཙེ་ཏུང་དང་ཞི་ཅིང་ཕིང་གི་ཐང་ག་བཤམས་བཅུག་ཡོད་པ་མ་ཟད། རྒྱ་དམར་གུང་བྲན་ཏང་བཀའ་དྲིན་ཆེན་པོ་ཡིན་ཚུལ་དང་། རྒྱ་གཞུང་གིས་རོགས་སྐྱོར་མང་པོ་བྱས་ཚུལ་སོགས་བཤད་བཅུག་ནས་ཡིག་ཐོག་ཕབ་པ་དང་བརྙན་བླངས་ནས་དྲ་ལམ་ཁག་ཏུ་བཀྲམས་ཡོད་འདུག འདི་ནི་རྫ་དབོན་པོ་ཡུལ་ཚོ་གཅིག་པོ་མིན་པར་རྫ་ཆུ་ཁའི་ས་ཁུལ་མང་པོ་ལ་ལས་འགུལ་དེ་ལག་སྟར་བྱེད་བཞིན་ཡོད་འདུག

སྐབས་དེར། འབྲོག་པ་མང་པོ་ཞིག་གིས་རང་གི་སྲོག་ལ་ཐུག་ཀྱང་དེ་ལྟར་མི་བྱེད་ཅེས་ངོས་ལེན་བྱས་མེད་པ་དང་། བོད་མི་ཁ་ཤས་ཤིག་གིས་དེ་ལྟར་བྱས་དགོས་བྱུང་བར་མི་མང་གིས་མི་འདོད་པའི་རྣམ་འགྱུར་ཆེན་པོ་བསྟན་ཡོད་འདུག དེ་ལྟ་བྱས་ནས་རྒྱ་གཞུང་གིས་ཡུལ་མིའི་སེམས་ལ་ཕོག་ཐུག་ཆེན་པོ་བཏང་བ་དང་། ཡུལ་མི་ཕན་ཚུན་དབར་མི་མཐུན་པ་བྱེད་བཞིན་ཡོད་པར་བརྟེན་ནས། གོང་གི་གནས་ཚུལ་དེ་བྱུང་བ་ཡིན་པར་གནས་ཚུལ་འཁོད་སྤྲོད་པ་གྲྭ་བྱམས་པ་ཡོན་ཏན་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།