19
Fri, Apr

བོད་མདོ་སྨད་རྨ་ལྷོ་ཁུལ་རེབ་གོང་མདོ་བ་ཤང་གི་གླུ་བ་ཤ་བོ་བཀྲ་ཤིས་ལགས།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

རང་ལུས་མེར་སྲེག་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་༢༠༡༢ཟླ་༡༡ནང་འཛིན་བཟུང་བྱས་ཏེ མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་པ་དང་༢༠༡༣ལོར་གསང་བའི་ཐོག་ནས་ལོ་ལྔ་ཡི་དུས་བཀག་ཁྲིམས་ཐག་བཅད་པའི་བོད་མདོ་སྨད་རེབ་གོང་(རྨ་ལྷོ་ཁུལ་)མདོ་བ་ཁུལ་ནས་ཡིན་པའི་གླུ་བ་ཤ་བོ་བཀྲ་ཤིས་ལགས་ཟླ་༡ཚེས་༣ཉིན་གློད་གྲོལ་བཏང་འདུག

དེ་ཡང་༢༠༡༢ལོའི་ཟླ་༡༡ནང་བོད་མདོ་སྨད་རྨ་ལྷོ་ཁུལ་རེབ་གོང་མདོ་བར་རང་ལུས་མེར་སྲེག་གི་གནས་ཚུལ་བསྟུད་མར་ཐོན་སྐབས། མདོ་བ་ཤང་སྒྲོ་རོང་བོ་སྡེ་བའི་རང་ལོ་༤༠ཡིན་པའི་གླུ་པ་ཤ་བོ་བཀྲ་ཤིས་ལགས་ལོ་གཅིག་རིང་འཛིན་བཟུང་བཀག་ཉར་བྱས་རྗེས། ༢༠༡༣ལོར་གསང་བའི་སྒོ་ནས་ཁོང་གིས་རང་ལུས་མེར་སྲེག་གནང་མཁན་གྱི་འདྲ་པར་བཀྲམ་པ་དང༌། མེར་སྲེག་གནང་མཁན་གྱི་འདྲ་པར་སྟེང་ཁ་ཆེམས་ཀྱི་ཡི་གེ་བྲིས་པ། སྲིད་གཞུང་ལ་ངོ་རྒོལ་སྐབས་ལས་འགུལ་ནང་མཉམ་ཞུགས་བྱས་པ། ལ་རྒྱའི་གླུ་བླངས་བ་སོགས་ཀྱི་ཉེས་མིང་འོག་ལོ་༥དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བཀག་ཉར་བྱས་ཡོད་པ་རེད།

འདི་ག་གནས་ཚུལ་འབྱོར་བར་གཞིགས་ན། བོད་ཀྱི་གླུ་བ་ཁོང་༢༠༡༨ལོའི་ཟླ་༡ཚེས་༣ཉིན་བཀག་སྐྱིལ་དུས་བཀག་ཚང་ནས་གློད་གྲོལ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

ཤ་བོ་བཀྲ་ཤིས་ལགས་ནི། རེབ་གོང་མདོ་བ་ཤང་སྒྲོག་རོང་བོ་སྡེ་བ་ནས་ཡིན་པ་དང༌། ཆུང་དུས་ནས་དམངས་གླུ་དང་རྡུང་ལེན་ལ་ཤིན་ཏུ་དགའ་མོས་ཡོད་མཁན་ཞིག་ཡིན་འདུག འདས་པའི་དུས་སུ་ཁོང་གིས་༼རྒྱང་རིང་གི་ཕ་ལོ་༽ཞེས་པའི་ཆེད་བསྒྲིགས་འོད་སྡེར་གཙོས་འོད་སྡེར་ཁག་གཅིག་སྤྱི་ཚོགས་ཁྲོད་འགྲེམས་སྤེལ་ཞུས་ཏེ་རོང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཐོབ་ཡོད་འདུག་ལ། ཁོང་ནི་ཡུལ་མི་ཀུན་གྱིས་དགའ་བསུ་དང་བསྟོད་བསྔགས་ཞུ་སའི་གླུ་པ་ཞིག་ཡིན་འདུག

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་སྔ་ལོ་རེབ་གོང་མདོ་བ་ཞང་དུ་རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་བར་རྐྱེན་བྱས་ཏེ། ད་ལྟའི་བར་མདོ་བ་ཤང་གི་བོད་མི་འཕགས་པ་ལགས་སུ་མི་བསད་པ་དང་རྒྱལ་ཁབ་ཁ་བྲལ་བཏང་བའི་ཉེས་མིང་འོག་ལོ་ ༡༣ ཁྲིམས་ཐག་དང༌། རང་ལོ་ ༦༣ ཡིན་པའི་ཨ་ཁུ་རྒྱ་སྟག་ལགས་སུ་ལོ་ ༤ ། སློབ་མ་རྡོ་རྗེར་ལོ་༢དང་ཕྱེད་ཀ རང་ལོ་༢༠ཡིན་པའི་ལྷ་མོར་ལོ་ ༢། རང་ལོ་༡༩ཡིན་ཞིང་མདོ་བ་ལྡོང་ངེ་སྡེ་བའི་བསམ་མེ་ཚང་གི་བུ་༼མིང་གསལ་བོ་ཤེས་མེད་༽ ལ་ལོ་ ༢བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། རང་ལོ་༡༩ཡིན་པའི་གྲྭ་བརྩོན་འགྲུས་ཆོས་ལྡན་ལགས་དང༌། རང་ལོ་༡༨ཡིན་པའི་བསོད་འབུམ་གཉིས་འཛིན་བཟུང་བྱས་ཏེ། ད་ལྟའི་ཆར་ཟི་ལིང་གི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་འདུག

 


གསར་འགོད་པ་བསྟན་འཛིན་ནོར་རྒྱས།

བོད་ཀྱི་ལོ་རྒྱུས་ཡིག་ཆ།