18
Thu, Apr

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༡།༢༢ཉིན་སྤེལ།
འདི་ག་གསར་ཁང་གནས་ཚུལ་འབྱོར་བར་གཞིག་ན། བོད་ཡུལ་ཁམས་ཕྱོགས་ནས་རྒྱ་གར་ལ་གནས་མཇལ་དང་གཉེན་འཕྲད་དུ་ཡོང་བ་རྣམས། རྒྱ་གཞུང་གིས་གང་མགྱོགས་ཕྱིར་ལོག་དགོས་པའི་གནོན་ཤུགས་སྤྲད་ཡོད་པའི་གནས་ཚུལ་བྱུང་འདུག

དེ་ཡང་།
ཉེ་ལམ་བོད་ཁམས་ཕྱོགས་ཀྱི་རྫོང་ཁག་ཁ་ཤས་སུ་ས་གནས་དེ་གའི་རྒྱ་ནག་སྲིད་གཞུང་གིས་བརྡ་ཁྱབ་བཏང་ཏེ། འདི་ལོ་བོད་ནས་བལ་ཡུལ་དང་རྒྱ་གར་ལ་གནས་སྐོར་དང་གཉེན་འཕྲད་དུ་བསྐྱོད་པའི་བོོད་མི་རྣམས། དུས་ཚོད་ལྟར་གང་མགྱོགས་ཕྱིར་ལོག་དགོས་པ་མ་ཟད། གལ་ཏེ་དུས་བཀག་ནང་ཕྱིར་ལོག་མ་བྱས་ཚེ་དཀའ་ངལ་འཕྲད་རྒྱུ་ཡིན་པ་སོགས་ཀྱི་གནོན་ཤུགས་སྤྲད་ཡོད་ཅིང་།  དེའི་རྐྱེན་བྱས་ཏེ་གནས་མཆོག་རྡོ་རྗེ་གདན་དུ་གསུང་ཆོས་དང་གནས་སྐོར་དུ་ཡོད་པའི་ཁམས་རྟའུ་དང་ལི་ཐང་སོགས་ནས་ཡིན་པའི་བོད་མི་རྣམས་ཛ་དྲག་ངང་ཕྱིར་ལོག་བྱས་དང་བྱེད་བཞིན་ཡོད་པ་རེད་འདུག

ཡང་འདིའི་སྐོར་གྱི་གནས་ཚུལ་རྒྱུས་མངའ་ཤེས་རྟོག་ཡོད་མཁན་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་བརྗོད་དོན། གནས་སྐོར་བ་དང་གཉེན་ཕྲད་བྱེད་མཁན་བོད་མི་སྟོང་ཕྲག་ལྷག་འབྱོར་ཡོད་པ་དང་།རྒྱ་ནག་གཞུང་གིས་དང་པོར་བྲག་མགོའི་ཕྱོགས་སུ་ཕྱིར་ལོག་དགོས་པའི་བཀའ་བཏང་ཡོད་པ་མ་ཟད། ཕྱིར་ལོག་མཁན་ཐོག་མ་ནི་བྲག་མགོའི་ཕྱོགས་ཀྱི་གནས་སྐོར་བ་ཡིན་ཞིང་། དེའི་རྗེས་སུ་ལི་ཐང་གི་གནས་སྐོར་བ་མང་པོ་ཞིག་ཕྱིར་ལོག་དགོས་བྱུང་སོང་། སྤྱིར་བཏང་གིས་སང་གནང་༧གོང་ས་མཆོག་གིས་འཇིགས་བྱེད་ལྷ་བཅུ་གསུམ་སོགས་ཀྱི་བཀའ་དབང་དེ་འདྲ་ཡོད་པ་རེད། རྒྱ་མིས་དུས་འཁོར་དབང་ཆེན་ལྟ་བུའི་རྩ་ཆེན་པོ་ཞིག་ཡིན་པར་བསམ་པ་མིན་འགྲོ། ངའི་ཕ་ཡུལ་ནས་གནས་སྐོར་བ་ ༣༠༠ ནས་ ༤༠༠ ལྷག་ཅིག་ཡོང་ཡོད་པ་ལས་མང་ཆེ་ཤོས་ནི་ཕྱིར་ལོག་ཚར་སོང་། ཁག་ཅིག་ནི་ད་རེས་ཀྱི་ཕྱི་ཚེས་ ༡༩ དང་ཁ་ཤས་ཉི་རྩ་གྲངས་ནང་ལོག་ཏུ་འཁྲི་འདུ་ལ་སླེབས་ཚར་དགོས་པའི་བཀའ་བཏང་ཡོད་འདུག ཅེས་འགྲེལ་བརྗོད་གནང་སོང་།

དེ་མིན། བོད་ཁམས་རྟའུ་རྫོང་ས་གནས་སྲིད་གཞུང་གིས་ཉེ་ལམ་ཕྱི་ཚེས་ ༡༢ ཙམ་ནང་གློ་བུར་དུ་བརྡ་ཁྱབ་བཏང་ཏེ་རྟའུ་ཕྱོགས་ཀྱི་བོད་མི་རྣམས་གང་མགྱོགས་ཟླ་བ་འདིའི་ཕྱི་ཚེས་ ༡༦ ནང་འཚུད་ཕྱིར་ལོག་བྱས་ཟིན་དགོས་པའི་གནོན་ཤུགས་སྤྲད་པར་བརྟེན།རྟའུ་ཕྱོགས་ཀྱི་བོད་མིི་དེ་དག་རྡོ་རྗེ་གདན་ནས་གནས་མཇལ་ཞུ་མཚམས་བཞག་ཏེ་ཕྱིར་ལོག་མི་བྱེད་ཀ་མེད་བྱུང་ཡོད་པའི་སྐོར་རྡོ་རྗེ་གདན་ནས་རྟའུའི་ཡུལ་མི་ཞིག་གིས་འདི་གར་ཁུངས་ལྡན་གནས་ཚུལ་བརྗོད་སོང་།

གཞན་ཡང་ཤེས་རྟོགས་བྱུང་བ་ལྟར་ན་ཁམས་ལ་བ་དང་དེ་མིན་ཁམས་ཕྱོགས་ཀྱི་ས་གནས་གཞན་ཁག་ཅིག་ནས་ཡིན་པའི་བོད་མི་རྣམས་ལ་ཡང་གང་མགྱོགས་ཕྱིར་ལོག་དགོས་པའི་གནོན་ཤུགས་སྤྲད་ཡོད་པར་བརྟེན་རྡོ་རྗེ་གདན་ནས་གསུང་ཆོས་དང་གནས་མཇལ་ཞུ་མཚམས་བཞག་ཏེ་ཕྱིར་ལོག་བྱེད་བཞིན་ཡོད་པ་རེད་འདུག

ཤེས་རྟོག་བྱུང་བ་ལྟར་ན་འདི་ལོ་བོད་ནས་རྒྱ་གར་དང་བལ་ཡུལ་དུ་གནས་མཇལ་དང་གཉེན་འཕྲད་དུ་བསྐྱོད་མཁན་དེ་དག་གིས་མི་ཚེ་འདིར་བལ་དང་རྒྱ་གར་ནང་གནས་མཇལ་དང་དེ་བཞིན་རང་གི་སྤུན་མཆེད་ཐུགས་ཕྲད་ཐེངས་གཅིག་ཡོང་རྒྱུར་ལོ་གཅིག་ཙམ་གོང་ནས་རྒྱ་གཞུང་གི་མཐོངས་མཆན་ལམ་ཡིག་ཞུ་རྒྱུར་འགྲོ་གྲོན་རྒྱ་སྒོར་ཁྲི་མང་པོའི་འགྲོ་གྲོན་བཏང་ཡོད་པ་མ་ཟད་ཁག་ཅིག་རང་གི་རྒྱན་ཆ་དང་སྒོ་ཕྱུག་སེམས་ཅན་ཡང་བཙོང་ཡོད་པ་བཅས།།

བོད་ཀྱི་ལོ་རྒྱུས་ཡིག་ཆ།