24
Wed, Apr

རྒྱ་ནག་གིས་མི་མང་གི་ཁང་པ་གཏོར་བ་དང་མི་མང་ལ་ཁང་པ་སྐྱོ་བོ་ལས་སྐབས་ཀྱི་པར།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༡།༡༢ཉིན་སྤེལ། འདི་ག་གསར་ཁང་དུ་བོད་ནང་གི་གནས་ཚུལ་འབྱོར་བར་གཞིགས་ན། རྒྱ་ནག་གཞུང་གིས་ཧ་ཅང་གིས་ཆ་རྐྱེན་ཞན་པའི་འདུས་སྡོད་ཁང་པ་ ༢༣ ལོ་རིང་ལས་ཤིང་། འཇོ་མདའ་རྫོང་ཁོངས་ཀྱི་དབུལ་སྐྱོར་གནས་སྤོར་གཏན་སྡོད་ཁུལ་ཞེས་མིང་བཏགས་ཏེ་མི་མང་ལ་འདོད་པ་མེད་ཀྱང་བཙན་གྱིས་གནས་སྤོར་བྱེད་དུ་བཅུག་ཡོད་པའི་གནས་ཚུལ་ཐོན་སོང་།

དེ་ཡང་འདས་ལོའི་ཕྱི་ཟླ་ ༡༡ པའི་ནང་། རྒྱ་ནག་གཞུང་གིས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་འབོ་ཐང་གྲོང་ཚོའི་(麦东村)ཁྱིམ་ཚང་ཡོངས་རྫོགས་འདུས་སྡོད་དུ་གནས་སྤོ་རུ་བཅུག་སྟེ། ཁྱིམ་མིའི་གྲངས་འབོར་ལྟར་སྡོད་ཁང་གོ་སྒྲིག་བྱས་ཡོད་པ་དང་། ལས་གཞི་དེ་མགོ་བརྩམས་སྐབས་ཡུལ་མི་ཚོས་མོས་མཐུན་བྱས་མེད་པ་མ་ཟད། སྲིད་གཞུང་གིས་ཁྲིམས་འགལ་བྱ་སྤྱོད་སྤེལ་གྱི་ཡོད་པའི་སྐྱོན་བརྗོད་བྱས་ཏེ་ཞི་རྒོལ་བྱེད་སྐབས། ཉེན་རྟོག་པས་ཡུལ་མི་ཚོར་གང་བྱུང་གཅར་རྡུང་བཏང་སྟེ་མི་མང་པོར་རྨས་སྐྱོན་བཟོས་པ་དང་། མི་ ༥༠ ལྷག་བཀག་ཉར་བྱས་ཡོད་འདུག

འདི་གར་འབྲེལ་ཡོད་ཅིག་གིས་དེའི་སྐོར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། སྲིད་གཞུང་གིས་ས་རྐོ་འཕྲུལ་འཁོར་ཆེད་མངག་གིས་གྲོང་ཚོའི་སྡོད་ཁང་ཁག་ཅིག་བཙན་གྱིས་གཏོར་ཏེ་ས་ཆ་ཧམ་བཟུང་བྱས་ཡོད་པར་བརྟེན། ས་གནས་མི་མང་གིས་སྲིད་གཞུང་གི་བྱ་སྤྱོད་དེ་ནི་ཁྲིམས་དང་འགལ་ཡོད་པའི་སྐྱོན་བརྗོད་བྱས་ཏེ་ཞི་རྒོལ་བྱས་ཡོད་པ་དང་། སྐབས་དེར་ཉེན་རྟོག་པས་དུག་རླངས་གཏོར་བ་དང་གང་བྱུང་གཅར་རྡུང་བཏང་སྟེ་མི་མང་པོས་རྨས་སྐྱོན་བཟོས་ནས་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་པ་མ་ཟད། ཕྱིས་སུ་ཉེན་རྟོག་པས་ཕྲུ་གུ་ཆུང་ཆུང་གི་ཨ་མ་ཞིག་དང་སྒྲོལ་མ་ཞེས་པའི་བུད་མེད་ཅིག་ཚུད་པའི་ཡུལ་མི་ ༥༠ ལྷག་འཛིན་བཟུང་བྱས་ཏེ། ཟླ་ཤས་རིང་བཀག་ཉར་གྱིས་འདྲི་རྩད་གཅར་རྡུང་བཏང་རྗེས་རིམ་གྱིས་ཀློད་གྲོལ་བཏང་ཡོད་འདུག ཅེས་བརྗོད་སོང་།

ཡང་གནས་ཚུལ་མཁོ་སྤྲོད་པས། འཇོ་མདའ་རྫོང་སྣུམ་བླུག་ཁང་གི་ཉེ་འཁྲིས་སུ་ཡོད་པའི་སྡོད་མང་གཅིག་གྱུར་ཁུལ་གྱི་སྡོད་ཁང་རྣམས་ཕྱི་ནས་བལྟས་ན་མཛེས་པོ་ཡོད་ཀྱང་། ནང་དུ་སོང་ན་ཁང་པ་ཆུང་ཞིང་རྒྱུ་སྤུས་ཞན་པོ་ཡོད་སྟབས། སྲིད་གཞུང་གིས་གུན་གསབ་ཀྱི་དངུལ་ཉུང་ཉུང་ཞིག་སྤྲད་དེ་ཡུལ་མི་ཚོའི་ས་ཆ་འཕྲོག་པ་མ་ཟད། སྔར་གྱི་སྡོད་ཁང་རྣམས་བཙན་གྱིས་གཏོར་སོང་བར་འཁོན་སེམས་ཆེན་པོ་ཡོད་ཀྱང་། བཙན་བཀའ་ལ་ཟློག་ཐབས་མེད་པས་དཀའ་སྡུག་བཤད་ས་མེད་སྐོར་བརྗོད་བྱུང་།

ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་འཇོ་མདའ་རྫོང་སྲིད་གཞུང་གིས་རྒྱལ་མང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཞེས་པ་དངོས་སུ་ལག་བསྟར་བྱས་ཏེ། འཇོ་མདའ་རྫོང་ཁོངས་ཀྱི་གྲོང་ཚོ་མང་པོའི་ཡུལ་མི་ཚོ་ཡབ་མེས་ནས་གཏན་སྡོད་བྱས་པའི་རང་ས་ནས་དབུལ་སྐྱོར་གནས་སྤོར་གཏན་སྡོད་ཁུལ་ཞེས་པ་དེར་བཙན་གྱིས་གནས་སྤོ་རུ་བཅུག་ཡོད་པ་དང་། ལས་གཞི་དེའི་འོག་ཕྱི་ལོ་ ༢༠༡༦ ནས་ ༢༠༡༧ ལོའི་ལོ་མཇུག་བར་དུ་ཁྱོན་དབུལ་སྐྱོར་གནས་སྤོར་གཏན་སྡོད་ཁུལ་ཞེས་པ་ ༢༣ བཙུགས་ཡོད་པ་བཅས།།

བོད་ཀྱི་ལོ་རྒྱུས་ཡིག་ཆ།