23
Tue, Apr

རྒྱལ་གཅེས་དཔའ་བོ་དཀོན་པེ་ལགས་ཀྱི་སྐུ་པར་དང་ཁོང་གིས་རང་ལུས་མེར་བསྲེགས་གནང་སྐབས་ཀྱི་པར། དེ་མིན་རྔ་བའི་སྲང་ལམ་གྱི་ཚོང་ཁང་དག་གིས་རྒྱལ་གཅེས་པ་ཁོང་ལ་མྱ་ངན་ཆེད་སྒོ་རྒྱབ་པའི་པར་བཅས་སོ།།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༧།༡༢།༢༦ཉིན་སྤེལ།
རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཀོན་པེ་ལགས་ཀྱི་ཕ་རྒྱ་སྐྱབས་ལགས་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་སོང་།

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦ པ་ཙམ་གྱི་སྟེང་བོད་རྔ་པ་རུ་རྒྱལ་གཅེས་དཔའ་བོ་དཀོན་པེ་ལགས་ཀྱིས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཀྱི་སྲིད་ཇུས་ལ་ཞི་འབོད་ཆེད་མི་སྐྱ་དཀོན་པེ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་པའི་གནས་ཚུལ་མཁོ་སྤྲོད་གནང་སོང་།

དེ་ཡང་ བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།

འདི་གར་འབྱོར་བའི་བརྙན་ཐུང་ནང་ཁོང་གི་སྐུ་གཟུགས་ཡོངས་རྫོགས་མེ་ལྕེས་བཏུམས་ནས་རྒྱུགས་བཞིན་འདུག་ལ། ཉེ་འཁྲིས་སུ་ཡོད་པའི་བུད་མེད་ཅིག་གིས་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཚང་། ཁྱེད་ཀྱི་ཐུགས་རྗེས་གཟིགས་དགོས། ཟེར་བཞིན་ངུ་ངག་གི་ཀློང་ནས་སྐད་འབོད་གསོལ་འདེབས་གནང་བཞིན་པ་གོ་ཐུབ། དེ་མིན་སྐབས་དེར་ཁོང་གིས་སྐད་འབོད་ཅི་ཞིག་གནང་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད། དེ་མ་ཐག་ཉེན་རྟོག་པ་སླེབས་ཏེ་ལུས་སྟེང་དུ་འབར་གྱིན་པའི་མེ་བསད་པ་དང་འབར་ཁམས་སུ་འཁྱེར་ནས་མཚན་གྱི་ཆུ་ཚོད་༡༠ ་ཙམ་ལ་སྨན་ཁང་དུ་སླེབས་ཡོད་ཀྱང་། ཕྱི་ཚེས་༢༤ ཉིན་གྱི་ཞོགས་ཀའི་ཆུ་ཚོད་༥ཙམ་ལ་སྐུ་གྲོངས་ཡོད་འདུག
 རྒྱ་ནག་གཞུང་གིས་འབར་ཁམས་སུ་རུས་ཐལ་ལེན་པར་ཡོང་དགོས་སྐོར་བཤད་པ་ལྟར་སོང་བར་དཀོན་པེའི་རུས་ཐལ་རེད་ཟེར་བ་ཞིག་ནང་མི་ལ་སྤྲད་ཡོད་པ་དང་།  ད་ལྟ་ཤུལ་ལུས་ནང་མི་ཉེ་འབྲེལ་ཚོས་སྐུ་གཤེགས་དཔའ་བོ་ཁོང་གི་རྗེས་འཇུག་སྒྲུབ་བཞིན་ཡོད་ཅིང་།  ཁོང་གི་ཕ་རྒྱ་སྐྱབས་ལ་རྒྱ་གཞུང་གིས་དཀོན་པེའི་ཆེད་དུ་སྨན་རིན་སྒོར་ཁྲི་ཁ་ཤས་སོང་ཚུལ་བཤད་ནས་འབར་ཁམས་སུ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག་ཅེས་དང་།

གཞན་ཡང་ཕྱི་ཚེས་༢༤ དང་༢༥ ཉིན་གཉིས་ལ་རྔ་པ་རྫོང་ཐོག་གི་བོད་པའི་ཟ་ཁང་དང་ཚོང་ཁང་ཆ་ཚང་སྒོ་བརྒྱབ་སྟེ། ཁོང་དང་ཁོང་གི་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་གནང་བཞིན་ཡོད་འདུག

 སྐུ་གཤེགས་དཀོན་པེ་ལགས་ནི་རྒྱ་གཞུང་གིས་དབྱེ་བགོས་བྱས་པའི་རྔ་པ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་གཅའ་ཡུལ་ཚོའི་ཕྱུགས་ལས་གོང་མ་ནས་ཡིན་ཡང་། དེང་སྐབས་རྨེའུ་རུ་མའི་རུ་ཆེན་གཉིས་པའི་རྭ་བ་ཚང་གི་བུ་མོ་སྐལ་བཟང་ལྷ་མོའི་མག་པར་སླེབས་ནས་ལོ་གཅིག་ལྷག་འགོར་ཡོད་འདུག
 དམ་པ་དཀོན་པེ་ལགས་ནི་རང་ལོ་༣༠ ཡས་མས་ཤིག་ཡིན་ཞིང་། ཕ་མིང་ལ་རྒྱ་སྐྱབས། མ་མིང་ལ་འཕྲིན་ལྡོག་ཟེར་བ་དང་། ཁོང་ལ་སྤུན་གཉིས་དང་སྲིང་མོ་གསུམ་ཡོད་པ་ལས་སྤུན་གཅིག་རྔ་པ་ཀིརྟི་དགོན་དུ་གྲྭ་པ་བྱས་ནས་ཡོད་འདུག  དཀོན་པེ་ལགས་ནི་ཆུང་ཆུང་སྐབས་རྔ་པ་ཀིརྟི་དགོན་དུ་གྲྭ་པ་བྱས་ནས་རྗེས་སུ་སྐྱ་སར་བབས་པ་ཞིག་ཡིན་འདུག་ཅེས་འགྲེལ་བརྗོད་གནང་སོང་།

ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༣ བར་རང་ལུས་མེར་བསྲེགས་གནང་མཁན་མང་ཤོས་ཀྱིས་ " ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་མི་ཚོར་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས།"  ཞེས་འབོད་ཚིག་འདི་གཉིས་གཙོ་བོར་སྒྲོག་ཅིང་། རང་ལུས་མེར་བསྲེགས་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་དངོས་སུ་ཤེས་རྟོགས་བྱུང་བར་མི་གྲངས་ ༡༥༡ བྱུང་ཡོད་པ་དང་། དངོས་སུ་ཤེས་རྟོགས་ཁྲོད་གྲོངས་སོང་པ་ ༡༢༧ དང་དེའི་ལྷག་མ་རྣམས་ཤི་གསོན་གང་ཡིན་གྱི་གསལ་ཁ་མེད་པ་བཅས།།

བོད་ཀྱི་ལོ་རྒྱུས་ཡིག་ཆ།