20
Sat, Apr

མི་མང་དཀྱུས་མར་རླངས་སྣུམ་ལྡུག་གི་མི་འདུག་ཟེར།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༧།༡༡།༠༨ཉིན་སྤེལ། མདོ་སྨད་རེབ་ཀོང་ལ་མི་དམངས་དཀྱུས་མིའི་བཀོལ་པའི་འཕྲུལ་ཆས་རིགས་གང་ཡིན་རུང་སྣུམ་ཐད་ཀར་བླུགས་པར་དཀའ་ངལ་བྱུང་གི་ཡོད་པ་མ་ཟད། ནང་སྔ་མོ་དང་ཕྱི་དྲོའི་དུས་ཚོད་ལས་ཡོལ་ཚེ་སྣུམ་སྣོན་མི་བྱེད་པའི་གནས་ཚུལ་ཐོན་སོང༌།

འདི་ག་གསར་ཁང་དུ་ཡུལ་དངོས་གནས་ཚུལ་འབྱོར་བར་གཞིག་ན། མདོ་སྨད་རེབ་ཀོང་ངམ་རྒྱ་མིའི་ཡུལ་མིང་བཏགས་པ་ལ་རྨ་ལྷོ་ཁུལ་ཐུན་རིན་རྫོང་ཁོངས་སུ། མི་མང་དཀྱུས་མིས་བཀོལ་སྤྱོད་བྱེད་པའི་འཕྲུལ་ཆས་ཀྱི་རིགས་གང་ཡིན་རུང་སྣུམ་བླུགས་པར་འདྲ་མཉམ་མིན་པའི་སྲིད་ཇུས་ཤིག་བེད་སྤྱོད་གཏོང་གིན་པའི་གནས་ཚུལ་འདུག

དེ་ཡང་འབྲེལ་ཡོད་མི་སྣ་ཞིག་གིས་ཡུལ་དངོས་ཀྱི་གནས་ཚུལ་བརྗོད་དོན། རྒྱ་ནག་གི་ཚོགས་ཆེན་ ༡༩ བའི་རྗེས་ནས་བཟུང༌། རེབ་ཀོང་དུ་གཞུང་གི་ལས་བྱེད་མ་ཡིན་པའི་མི་དམངས་དཀྱུས་མ་དག་གིས་རླངས་འཁོར་དང་འཕྲུལ་རྟའི་རིགས་གང་ཡིན་རུང་སྣུམ་ཐད་ཀར་བླུགས་མི་ཆོག་པའི་དབང་ཤུགས་བཀོལ་ཀྱིན་པ་དང༌། ཡང་ན་མི་སྒེར་གྱི་ཐོབ་ཐང་ལག་ཁྱེར་སོགས་དགོས་པའི་ཆ་རྐྱེན་གང་མང་བཏོན་སྟེ། ད་ལྟ་རེབ་ཀོང་ཡུལ་མི་དཀྱུས་མ་རྣམས་ཀྱི་དཔལ་འབྱོར་ལ་གྱོང་གུད་དང་འཚོ་བར་ཤུགས་རྐྱེན་གང་མང་ཐེབས་ཀྱི་ཡོད་པར་བརྗོད་སོང༌།

གཞན་ཡང༌། ཡུལ་དངོས་ཀྱི་མི་སྣ་གཞན་ཞིག་གིས་གནས་ཚུལ་འདིའི་སྐོར་ལ་བརྗོད་དོན། འཕྲུལ་རྟ་དང་ཞིང་ལས་འཕྲུལ་ཆས་སོགས་ནི་མང་ཚོགས་ཀྱི་འཚོ་བའི་གྲུབ་ཆ་ཞིག་ཡིན་པ་མ་ཟད། སྣུམ་དུས་ལྟར་མ་བླུགས་ཚེ་འཚོ་བའི་གནས་སྟངས་སུ་གནོན་ཤུགས་ཆེན་པོ་ཐེབས་ཀྱི་འདུག དཔེར་ན། ༡ ཐོབ་ཐང་འཛིན་ཡིག་མེད་ཚེ་སྣུམ་སྣོན་མི་བྱེད་པ།
༢ ནང་སྔ་མོ་དང་ཕྱི་དྲོའི་དུས་ལས་ཡོལ་ཚེ་སྣུམ་སྣོན་མི་བྱེད་པ།
༣ སྲིད་ཇུས་དེའི་དབང་གིས་སྣུམ་བླུགས་མཁན་གྱི་ལས་བྱེད་རྣམས་ཀྱིས་སོ་སོའི་སེམས་ཁམས་མི་སྐྱིད་དུས་སྣུམ་སྣོན་མི་བྱེད་པ།
༤ སྐད་ཆ་བཤད་སྟངས་མ་འགྲིག་པ་བྱུང་ཚེ་སྣུམ་སྣོན་མི་བྱེད་པ། ཅེས་ཀྱིས་དཀའ་ངལ་བཟོ་ཡི་འདུག ཅེས་བརྗོད་སོང་བ་དང༌།

ཡང་ཡུལ་དངོས་ཀྱི་མི་ཞིག་གིས་བརྗོད་པར། སྣུམ་སྣོན་བྱེད་པའི་ལས་བྱེད་དག་གིས་བཤད་ན། འཕྲུལ་རྟར་ཐད་ཀར་སྣུམ་བླུགས་ཀྱི་མེད་པ་ནི་སྤྱི་ཚོགས་བདེ་འཇགས་ཀྱི་ཆེད་ཡིན་ཟེར་མོད། ང་དང་ང་ལྟ་བུའི་འབྱོར་མེད་ཡོངས་ཀྱིས་ང་ཚོར་འདྲ་མཉམ་གྱི་སྲིད་ཇུས་ཤིག་ལག་བསྟར་བྱེད་རོགས་ཞེས་རེ་སྐུལ་ཞུས་པ་ཡིན། ཞེས་འགྲེལ་བརྗོད་གནང་པ་བཅས།།

གསར་འགོད་པ་ཆོས་ཉིད།

བོད་ཀྱི་ལོ་རྒྱུས་ཡིག་ཆ།