18
Thu, Apr

༢༠༢༠་ལོའི་ཟླ་༨་ཚེས་༡༤་ཉིན། བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་གིས་སྲིད་སྐྱོང་འོས་མིར་བཞེང་པའི་གསལ་བསྒྲགས་སྤེལ་སྐབས།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༨་ཚེས་༡༤་ཉིན། སྲིད་སྐྱོང་འོས་མི་བཀའ་ཟུར་རྒྱལ་རི་སྒྲོལ་མ་མཆོག་གིས་བོད་རྒྱ་གྲོས་མོལ་ཡོང་ཐབས་དང་། བོད་ནང་ཛ་དྲག་གནས་སྟངས། ལས་བྱེད་ཁོར་ཡུག་ལེགས་པོ་བསྐྲུན་ཐབས། ཕྱིའི་རྒྱལ་ཁབ་ཁག་གིས་བོད་དོན་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་ཐབས། ཁ་འཐོར་དུ་ཕྱིན་པའི་བོད་མིའི་ནུས་པ་མཉམ་སྤུངས་བཅས་ཀྱི་སྐོར་ནས་རང་གི་འཆར་གཞི་དང་དམིགས་ཡུལ་གསུང་བའི་སྒོ་ནས། དངོས་སུ་༢༠༢༡་ལོའི་སྲིད་སྐྱོང་འོས་མིར་བཞེངས་ནས་གསལ་བསྒྲགས་སྤེལ་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༡༠:༣༠་ནས་༡:༣༠་བར། བཀའ་ཟུར་རྒྱལ་རི་སྒྲོལ་མ་མཆོག་གིས་གསར་འགོད་པ་རྣམས་ལ་དྲ་ཐོག་ནས་ཁོང་མོ་སྲིད་སྐྱོང་འོས་མི་ལངས་དགོས་པའི་དམིགས་ཡུལ་དང་མ་འོངས་པའི་འཆར་གཞི་སོགས་ཀྱི་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། ཁོང་མོས་ཐོག་མར་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་གི་ཐོག ཁོང་མོ་བཙན་བྱོལ་དུ་སྐྱེས་པ་དང་། ནང་མིའི་རྒྱབ་ལྗོངས། བོད་དོན་ཐོག་ཞབས་ཞུ་རིམ་པ་ཞུ་བའི་སྐོར་སོགས་གསུངས་སོང་།

དེའི་རྗེས། ༢༠༢༡་ལོའི་སྲིད་སྐྱོང་འོས་མིར་བཞེང་དགོས་པའི་དམིགས་ཡུལ་དང་འཆར་གཞི་སྐོར་ནས་གསུངས་སོང་།

ཆབ་སྲིད་སྐོར་ནས། བོད་རྒྱ་གྲོས་མོལ་ཡོང་ཐབས་དང་། རྒྱ་གར་ནས་འགོ་བཙུགས་ཏེ་ཕྱིའི་རྒྱལ་ཁབ་ཁག་གིས་བོད་དོན་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་ཐབས་བྱ་རྒྱུ་དང་། དབུ་མའི་ལམ་གྱི་ཐོག་ནས་བོད་དོན་དཀའ་ངལ་སེལ་ཐབས་ཐོག་འབད་བརྩོན་གནང་རྒྱུ།

ཤེས་ཡོན་སྐོར་ནས། རང་རིགས་ཀྱི་སྐད་ཡིག་ཐོག་ཤུགས་སྣོན་རྒྱག་རྒྱུ་དང་། སློབ་གྲྭ་ཁག་གི་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་སློབ་ཚན་སོགས་ལ་འགྱུར་བ་གཏོང་རྒྱུ།

དཔལ་འབྱོར་སྐོར་ནས། གཞུང་གི་དངུལ་ཁང་གསར་འཛུགས་དང་བུ་ལོན་གཡར་རྒྱུའི་ཐོག་ཤུགས་སྣོན་རྒྱག་རྒྱུ། གཞུང་ཞབས་པ་ཚོར་བུ་ལོན་གཡར་རྒྱུའི་ཐད་ནས་འབད་བརྩོན་བྱ་རྒྱུ།

འཛིན་སྐྱོང་སྐོར་ནས། བཀའ་བློན་ལ་རྒན་གཞོན་གཉིས་ཀ་དང་བསམ་ཚུལ་མི་འདྲ་བའི་མི་སྣ་བསྐོ་བཞག་གནང་རྒྱུ། ལས་བྱེད་རྣམས་ལ་ཁོར་ཡུག་ལེགས་པོ་བསྐྲུན་ཐབས་བྱ་རྒྱུ། བོད་དོན་ཐོག་ལས་འགུལ་སྤེལ་བའི་ཐད་ནས། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་མཉམ་འབྲེལ་གྱིས་ནུས་པ་མཉམ་སྤུངས་བྱེད་ཐབས་བྱ་རྒྱུ། དྲང་མོ་དྲང་བཞག་ཐོག་ལས་ཀ་བྱ་རྒྱུ།

བོད་མིའི་ཆིག་སྒྲིལ་སྐོར་ནས། བོད་མི་ཚོའི་ནུས་པ་མཉམ་སྤུངས་ཡོང་ཐབས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཕྱིའི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་རྣམས་དང་གཞུང་གི་འབྲེལ་བ་སྲ་བརྟན་གཏོང་ཐབས་བྱ་རྒྱུ།

ཉམ་ཐག་ལྟ་སྐྱོང་སྐོར་ནས། ད་ལྟར་ཡོད་པའི་ཉམ་ཐག་སྲིད་ཇུས་ལ་བསྐྱར་ཞིབ་བྱས་ནས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་འབུལ་ཐབས་བྱ་རྒྱུ། དེང་སྐབས། བོད་པས་བོད་པར་རོགས་པ་བྱ་རྒྱུའི་དུས་ལ་སླེབས་ཡོད་པས། ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་ཚོས་ཉམ་ཐག་བོད་མི་ཚོར་རོགས་བྱེད་པའི་སྒྲིག་གཞི་ལམ་སྟོན་ཞིག་བཟོ་ཐབས་བྱ་རྒྱུ།

བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་གི་ལོ་རྒྱུས་མདོར་བསྡུས།

ཕྱི་ལོ་༡༩༨༡ ནས་ ༡༩༨༥ བར་ཅན་རྡི་སྒར་མཐོ་སློབ་ནས་སློབ་ཚན་སྲིད་དོན་མཚན་རིག་སློབ་སྦྱོང་གནང་བ་དང་། ཕྱི་ལོ་༡༩༨༥ ནས་ ༡༩༨༨ བར་ལྡི་ལི་གཙུག་ལག་སློབ་གཉེར་ཆེན་མོར་རྒྱ་གར་དང་རྒྱལ་སྤྱིའི་ཁྲིམས་ཀྱི་སློབ་སྦྱོང༌གནང་།

ལས་ཀའི་ཉམས་མྱོང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནང་དུ་ལོ་མང་ཕྱག་ལས་གནང་། མདོ་སྟོད་སྤྱི་འཐུས་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན། དེ་བཞིན་ནང་སྲིད་བཀའ་བློན་སོགས་གནང་།