24
ཕུར་བུ།, ཟླ་དགུ་པ།

༢༠༢༠་ལོའི་ཟླ་༨་ཚེས་༡༠ཉིན། དབྱིན་ཡུལ་དུ་བོད་མི་བཞི་ཡིས་ཞི་བའི་གོམ་བགྲོད་བྱས་ནས་རྒྱལ་ས་ལོན་ཊོན་ལ་འབྱོར་འདུག

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༨་ཚེས་༡༠་ཉིན། དབྱིན་ཡུལ་དུ་བོད་མི་བཞི་ཡིས་ཉིན་དྲུག་གི་ཞི་བའི་གོམ་བགྲོད་བྱས་ནས་དབྱིན་ཇིའི་སྲིད་གཞུང་ལ་བོད་དོན་རྒྱབ་སྐྱོར་ཡོང་བ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་རྒྱ་གཞུང་གི་འགོ་ཁྲིད་ཚོར་ཉེས་པ་གཏོང་བའི་རེ་སྐུལ་ཞུས་འདུག

དེ་ཡང་། ཚེ་རིང་མཚོ་མོ་ལགས་ཀྱིས་སྣེ་ཁྲིད་ནས་བཀྲ་ཤིས་དོན་འགྲུབ་ལགས་དང་། བསོད་ནམས་ཚེ་རིང་ལགས། བསྟན་འཛིན་ཕུན་ཚོགས་བཅས་བོད་མི་བཞི་ཟླ་འདིའི་ཚེས་༥་ཉིན་གྲོང་ཁྱེར་བྷི་རི་སི་ཊོལ(Bristol)ནས་འགོ་བརྩམས་ནས་སྤྱི་ལེ་༡༡༨་སྐོར་བསྐྱོད་བྱས་ནས་དབྱིན་ཇིའི་རྒྱལ་ས་ལོན་ཊོན(London)ལ་ཟླ་འདིའི་ཚེས་༡༠་ཉིན་འབྱོར་ཡོད་པ་རེད།

ཁོ་ཚོས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ནས་ཞུ་དོན་ཁག་ལྔ་བཏོན་ཡོད་པ་དང་། དེ་དག་ནི་དབྱིན་ཡུལ་གྱི་སྲིད་བློན་བྷོ་རི་ཇོན་སོན(Boris Johnson)དང་ཁོང་ནས་འགོ་ཁྲིད་པའི་སྲིད་གཞུང་གིས། ༸གོང་ས་མཆོག་གི་ཡང་སྲིད་ཀྱི་སྐུ་དབང་མགོན་པོ་གང་ཉིད་ལ་ཡོད་པའི་ངོས་འཛིན་ཞུ་དགོས་པ་དང་གཅིག རྒྱལ་སྤྱིའི་ཁྲིམས་གཞི(Magnistsky Act)ཞེས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དེ་ལག་བསྟར་བྱས་ནས། བོད་དང་། ཧོང་ཀོང་། ཡུ་གུར་མི་མང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་གཞུང་གི་འགོ་ཁྲིད་ཚོར་ཉེས་ཆད་གཅོད་དགོས་པ་དང་གཉིས། དེ་བཞིན་བོད་ཀྱི་དངོས་ཡོད་ལོ་རྒྱུས་གཞི་བཟུང་ཐོག་བོད་དོན་ཐོག་རྒྱབ་སྐྱོར་བྱེད་དགོས་པ་དང་གསུམ། དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་དུ་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཞུགས་རྒྱུ་དང་། བོད་ནང་ཕར་འགྲོ་ཚུར་ཡོང་བའི་འདྲ་མཉམ་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱ་རྒྱུའི་འབོད་སྐུལ་ཞུ་བ་དང་བཞི། རྒྱ་གཞུང་གིས་རྒྱབ་སྐྱོར་ཡོད་པའི་དབྱིན་ཡུལ་ནང་གི་ཁུང་ཙིའི་སློབ་གྲྭར་ཞིབ་འཇུག་བྱེད་དགོས་པ་དང་ལྔ་བཅས་ཡིན་འདུག

གཞན་ཡང་། འདི་ལོ་ཟླ་༧་པའི་ཚེས་༨ཉིན། ཨ་རིར་གནས་སྡོད་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྟའུ་བློ་བཟང་སྦྱིན་པ་ལགས་ཀྱིས་ཨ་རིའི་གྲོང་འཁྱེར་བྷོ་སི་ཊོན་ནས་འགོ་བརྩམས་ནས་ཨ་རིའི་རྒྱལ་ས་ཝཱ་ཤིང་ཊོན་བར་བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་འདུག དེ་ཡང་། ཆབ་སྲིད་བཙོན་ཟུར་རྟའུ་བློ་བཟང་སྦྱིན་པ་ལགས་ཀྱི་ལས་འགུལ་འདི་བརྩམས་དགོས་པའི་དགོས་དམིགས་བཞི་བཏོན་ཡོད་པ་རྣམས་ནི། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་། སྐུ་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་ནང་མི་དང་རྒན་ལགས་བཅས་གློད་བཀྲོལ་གཏོང་དགོས། བོད་ཁམས་རྟའུ་ས་ཁུལ་གྱི་ཆབ་སྲིད་བཙོན་པ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་གཏོང་དགོས་པ། གཞན་། རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་གཉན་རིམས་༡༩་པ་འདིས་འཛམ་གླིང་མི་མང་འབུམ་ཕྲག་མང་པོའི་ཚེ་སྲོག་འཕྲོག་པ་དང་འཛམ་གླིང་ཡོངས་ལ་དཀའ་ངལ་ཆེན་པོ་སྤྲད་ཡོད་པས་འདིའི་འགན་ཆ་ཚང་རྒྱ་གཞུང་གིས་ཁུར་དགོས་པའི་དགོས་འདུན་བཏོན་འདུག

དེ་བཞིན། འདི་ལོའི་ཟླ་༧་ཚེས་༧ཉིན། སུད་སི་ནས་ཡིན་པའི་བོད་མི་མིག་དམར་ལགས་དང་། པདྨ་ལགས། བློ་བཟང་ལགས། བསོད་ནམས་ལགས། བློ་བཟང་ལགས་བཅས་བོད་མི་ལྔ་བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ནས་སུད་སིའི་གྲོང་འཁྱེར་ཇི་ནེ་ཝཱར་འབྱོར་ནས་དགོས་འདུན་དོན་ཚན་བཞི་ཞིག་བཏོན་ཡོད་འདུག དེ་རྣམས་ནི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པ་དང་། ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་དུ་གདན་འདྲེན་ཞུ་དགོས་པ། གཞན། རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་གཉན་རིབས་༡༩་པ་འདིས་འཛམ་གླིང་མི་མང་དང་དཔལ་འབྱོར་ལ་ཕོག་ཐུག་ཆེན་པོ་བཏང་དང་གཏོང་བཞིན་པ་རྣམས་རྒྱ་གཞུང་གིས་འགན་ཆ་ཚང་ཁུར་དགོས་པ་བཅས་ཡིན་འདུག

ད་དུང་། འདི་ལོ་ཟླ་༦་ཚེས་༢༨་ཉིན། ཁ་ཎ་ཌར་གནས་སྡོད་བྱས་པའི་བོད་མི་སངས་རྒྱས་སྐྱབས་ལགས་ཀྱིས་ཀྱང་ཞི་བའི་གོམ་བགྲོད་གནང་ནས་བོད་དོན་ལས་འགུལ་སྤེལ་འདུག དེ་ཡང་། ཁོང་གིས་ཁ་ཎ་ཌའི་གྲོང་འཁྱེར་ཊོ་རོན་ཊོ(Toronto)ནས་རྒྱལ་ས་ཨོ་ཊ་ཝཱ(Ottawa)བར་སྤྱི་ལེ་༩༠༠་ཙམ་གྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་རེ་སྐུལ་གསུམ་འབོད་སྐུལ་ཞུས་འདུག དེ་དག་ནི་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་བ་དང་། བོད་རྒྱ་གཉིས་བར་ཞི་བའི་གྲོས་མོལ་བསྐྱར་གསོ་ཡོང་བ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་བ། ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་བོད་ཀྱི་སྐད་ཡིག་ཐོབ་ཐང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་པ་བཅས་རེད་འདུག ཉིན་༢༣་རིང་ཞི་བའི་གོམ་བགྲོད་བྱས་རྗེས་ཟླ་༧་ཚེས་༢༡ ཉིན་རྒྱལ་ས་ཨོ་ཊ་ཝྭར་འབྱོར་ཡོད་པ་རེད།