23
Tue, Apr

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་དགེ་འདུན་ཆོས་ཀྱི་ཉི་མ་མཆོག

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༥་ཚེས་༡༦་ཉིན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་མི་ལོ་༢༥་འཁོར་བའི་སྐབས། ཨ་རི་གཙོས་རྒྱལ་ཁབ་བདུན་གྱི་གྲོས་ཚོགས་འཐུས་མི་༦༠་ལྷག་གིས་རྒྱ་ནག་ལ་ཁོང་དང་ཁོང་གི་ནང་མི་གང་དུ་ཡོད་པ་དང་མྱུར་དུ་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན།

དེ་ཡང་། ཨ་རི(US)དང་། འཇར་མན(Germany)། དབྱིན་ཡུལ(UK)། སུད་སི(Switzerland) ཨེ་ཊར་ལི(Italy)། ཨེ་སུ་ཏོན་ནེ(Estonia)། ཅེན་སྤྱི་མཐུན་རྒྱལ་ཁབ(Czech Republic)། ལི་ཐུ་ནི(Lithuania)བཅས་ཀྱི་གྲོས་ཚོགས་མི་༦༠་ལྷག་གིས་རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་པའི་སྐོར་གསལ་བསྒྲགས་བྱེད་དགོས་པ་དང་། ཁོང་གཙོས་ཁོང་གི་དགེ་རྒན་དང་ནང་མི་བཅས་པར་མགྱོགས་མྱུར་དུ་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་ཤུགས་ཆེན་བཏོན་འདུག

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་འགན་འཛིན་སམ-བྷོར་བྷད་ཁི(Sam Brownback)་ལགས་ཀྱིས་ཨ་རི་ཡིས་མུ་མཐུད་ནས་རྒྱ་གཞུང་ལ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གློད་བཀྲོལ་ཡོང་བར་གནོན་ཤུགས་སྤྲོད་རྒྱུ་དང་། དེ་བཞིན་ཁོང་གང་དུ་ཡོད་མེད་འཛམ་གླིང་ལ་རྟོགས་བཅུག་དགོས། ཞེས་སོགས་བརྗོད་འདུག

ཅེན་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་༡༧་ཡས་མས་ཤིག་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་འབྲེལ་བའི་ཐད་ཟུང་སྦྲེལ་གྱིས་བསྒྲགས་གཏམ་ཞིག་སྤེལ་འདུག དེའི་ནང་དུ་རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་དུ་གློད་བཀྲོལ་གཏོང་དགོས། རྒྱ་གཞུང་གིས་བོད་བཙན་འཛུལ་བྱས་ནས་ལོ་ངོ་༦༠་རིང་བོད་དུ་ཡར་རྒྱས་ལས་གཏོར་བཤིག་མང་བར་བཏང་ཡོད། བོད་ནི་འཛམ་གླིང་ནང་དུ་ཆེས་རང་དབང་མེད་པའི་རྒྱལ་ཁབ་གཉིས་པ་དེ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཙན་ཁྲིད་བྱས་ནས་གང་སོང་ཆ་མེད་དུ་གྱུར་པ་ཞེས་པའི་འགྲེལ་བར་ལྟར་ན། རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་བཙན་ཁྲིད་བྱས་ནས་ནག་ཉེས་མུ་མཐུད་ནས་གསོག་བཞིན་ཡོད། ཅེས་སོགས་བརྗོད་འདུག

སུད་སུའི་གྲོས་ཚོགས་འཐུས་མི་༡༥་ཞིག་གིས་ཟུང་སྦྲེལ་གྱི་བསྒྲགས་གཏམ་ཞིག་སྐད་ཡིག་གསུམ་ནང་སྤེལ་ནས། བོད་ནང་གི་ཆོས་དང་རིག་གཞུང་གཙོས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་བཀུར་བྱེད་དགོས། དེ་བཞིན་བོད་རྒྱ་གཉིས་བར་གྲོས་མོལ་འགོ་བཙུགས་ནས་བོད་ཀྱི་གནད་དོན་ཞི་བའི་སྒོ་ནས་སེལ་དགོས། རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་དང་བོད་ནང་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་རང་དབང་ལྡན་པའི་ཚོགས་པ་ཞིག་ཡོང་བར་བཀག་སྡོམ་བྱེད་བཞིན་ཡོད་པར་སེམས་ཁུར་བྱེད་ཀྱི་ཡོད། ཅེས་སོགས་བརྗོད་འདུག

ཨེ་སུ་ཏོན་ནེའི་གྲོས་ཚོགས་འཐུས་མི་ལྔ་ཞིག་གིས་པཎ་ཆེན་རིན་པོ་ཆེ་མཆོག་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམ་མྱུར་དུ་གློད་བཀྲོལ་གཏོང་དགོས་པ་དང་། བོད་མི་ཚོར་ཆོས་དད་རང་དབང་སྤྲོད་དགོས། དེ་ནས་འཛམ་གླིང་སྟེང་གི་རང་དབང་ལ་དགའ་བའི་རྒྱལ་ཁབ་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་ནག་དམར་པོ་སྲིད་གཞུང་ལ་གནོན་ཤུགས་སྤྲད་ནས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམ་གློད་བཀྲོལ་གཏོང་དགོས་པ་དང་། རྒྱ་ནག་འོག་ཏུ་ཡོད་པའི་མི་རིགས་ཡོངས་ལ་ཆོས་དད་རང་དབང་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག

ཨེ་ཊར་ལིའི་གྲོས་ཚོགས་འཐུས་མི་བཞི་ཡིས་བསྒྲགས་གཏམ་ཞིག་སྤེལ་བ་ལྟར་ན། རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་མྱུར་དུ་གློད་བཀྲོལ་གཏོང་དགོས། བོད་མི་ཚོར་རང་དབང་སྤྲད་ནས་རང་ཉིད་དད་པའི་དབུ་ཁྲིད་འདེམ་བསྐོ་བྱེད་དུ་བཅུག་དགོས། ཞེས་དགོས་འདུན་བཏོན་འདུག

འཇར་མན་གྱི་གྲོས་ཚོགས་འཐུས་མི་བཞི་ཡིས་རྒྱ་གཞུང་ལ་པཎ་ཆེན་རིན་པོ་ཆེ་མཆོག་གནས་སྟངས་གང་ཡང་མེད་པའི་ཐོག་ནས་གློད་བཀྲོལ་གཏོང་དགོས་པ་དང་། བོད་རྒྱ་གཉིས་བར་ཞི་བའི་གྲོས་མོལ་འགོ་འཛུགས་བྱེད་དགོས། དེ་བཞིན་རྒྱ་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་བོད་དུ་བཏང་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་འབྲེལ་བ་བྱེད་དུ་བཅུག་དགོས། ད་དུང་། བོད་མི་ཚོར་རང་ཉིད་ཀྱི་དད་པའི་དབུ་ཁྲིད་འདེམ་དུ་བཅུག་དགོས། ཅེས་དགོས་འདུན་བཏོན།

ལི་ཐུ་ནིའི་གྲོས་ཚོགས་འཐུས་མི་༡༤་ཞིག་གིས་རྒྱལ་ཁབ་དེའི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་ལ་ཞུ་ཡིག་ཅིག་ཕུལ་ནས། རྒྱལ་ཁབ་དེའི་སྲིད་གཞུང་གིས་རྒྱ་ནག་ལ་ཞུ་འབོད་བྱས་ནས་འཛམ་གླིང་གི་ལོ་ན་ཆུང་ཤོས་བཙོན་པ་པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་སྐོར། རྒྱལ་སྤྱིའི་འགྲོ་བ་མིའི་ཚོགས་སྡེ་ཁག་ལ་མཁོ་སྤྲོད་བྱེད་དགོས། ཅེས་ཞུས་འདུག

དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཊིམ-ལོ་ཊོན(Tim Loughton) ལགས་ཀྱིས་བརྙན་ཐུང་ཅིག་བརྒྱུད་ནས། ཁོང་གིས་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་རྣམ་པ་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་ཡོང་བར་རྒྱབ་སྐྱོར་བྱེད་པའི་སྐུལ་མ་བྱས་འདུག དེ་བཞིན། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་བོད་ནང་གནས་པའི་བོད་མི་ཡོངས་རང་དབང་ཡོད་དགོས། ཅེས་བརྗོད་འདུག

མདོར་ན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཏེ་མི་ལོ་༢༥་འཁོར་བའི་དུས་འདིར། བོད་མིའི་སྒྲིག་འཛུགས་གཙོས་བོད་ཀྱི་རང་དབང་ཚོགས་སྡེ་ཁག་དང་། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་འཛམ་གླིང་གི་རང་དབང་ལྡན་པའི་རྒྱལ་ཁབ་ཁག རྒྱལ་སྤྱིའི་ཚོགས་སྡེ་ཁག་བཅས་ཀྱིས་རྒྱ་གཞུང་ལ་པཎ་ཆེན་མཆོག་དང་ཁོང་གི་ནང་མི་གང་དུ་ཡོད་པ་འཛམ་གླིང་ལ་གསལ་བསྒྲགས་བྱེད་དགོས་པ་དང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་འདུག