04
Thu, Jun

མཉམ་འབྲེལ་རྒྱལ་ཚོགས་ལ་སྐུ་གཟུགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་ཐོབ་ཆེད་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས།

བོད་དོན་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༥་ཚེས་༨་ཉིན་སྤེལ། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མྱུར་དུ་གློད་བཀྲོལ་ཐོབ་ཆེད། ཚོགས་པ་༡༥༩་ཡིས་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་གཏུགས་ཀྱི་ཡི་གེ་ཞིག་ཕུལ་འདུག

དེ་ཡང་། ཟླ་འདིའི་ཚེས་༤་ཉིན། རྒྱལ་ཁབ་༡༨་ནང་དུ་རྟེན་གཞི་བྱས་པའི་ཚོགས་པ་༡༥༩་ཡིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨེན་ཊོ་ནིའོ་གུ་ཊར་རེ་སི(Mr Antonio Guterres) མཆོག་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་སྤྱི་ཚོགས་དང་། འགྲོ་བ་མིའི་བདེ་རྩ་། འགྲོ་བ་མིའི་ཐོབ་ཐང་ལས་དོན་ཚན་པའི་ཚོགས་གཙོ་སྐུ་ཞབས་ཁིར་སི་ཊིན་(Christian Braun) མཆོག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ལྕམ་སྐུ་ཨེ་ལི་ས་བྷེ་ཐི(Ms Elisabeth Tichy- Fisslberger) མཆོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི(Michelle Bachelet Jeria) མཆོག་བཅས་ལ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་པའི་ཡབ་ཡུམ་རྣམ་པ་མགྱོགས་མྱུར་དུ་གློད་བཀྲོལ་གཏོང་དགོས་པའི་ཞུ་ཡིག་ཕུལ་འདུག

ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་ཆོས་ཀྱི་ཉི་མ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ཡིན་པར་ངོས་འཛིན་དང་ཡོངས་ཁྱབ་གསལ་བསྒྲགས་མཛད་ནས་ཉིན་གསུམ་གྱི་རྗེས། རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་དང་ཁོང་གི་ཡབ་ཡུམ། དགེ་རྒན་བཅས་བཙན་འཁྲིད་བྱས་ཏེ་ད་བར་གསང་ཉར་བྱས་ནས་ལོ་ངོ་ ༢༥་ཕྱིན་ཡོད། 

ཚོགས་པ་ ༡༥༩ ཡིས་མཉམ་འབྲེལ་ཐོག་ནས་ཕུལ་བའི་ཞུ་ཡིག་ནང་དུ། དང་པོ། རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་པའི་ཡབ་ཡུམ་རྣམ་པ་དང་། རྒན་བྱ་བྲལ་རིན་པོ་ཆེ་མཆོག་བཅས་མགྱོགས་མྱུར་དུ་གློད་བཀྲོལ་གཏོང་དགོས་པའི་གནོན་ཤུགས་སྤྲོད་རོགས། གཉིས་པ། རྒྱ་གཞུང་གིས་བོད་མི་ནང་པ་དང་། ཡུ་གུར་བ། ཡི་ཤུ་པ་བཅས་ཀྱི་ཆོས་དད་རང་དབང་ཐོག་ཐེ་བྱུས་བྱེད་བཞིན་པ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་གནོན་ཤུགས་སྤྲོད་རོགས གསུམ་པ། རྒྱ་ནག་གིས་བོད་དང་རྒྱ་ནག་གི་ས་ཁུལ་གཞན་ཁག་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པར་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་བཏང་ནས་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་རྒྱ་ནག་ནང་ཡོང་འཇུག་དགོས་པའི་གནོན་ཤུགས་སྤྲོད་རོགས། བཞི་པ། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་སྐོར་གསར་འགོད་གསལ་བསྒྲགས་སྤེལ་དགོས་པ་བཅས་འཁོད་འདུག

ཡོངས་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།