05
Sun, Jul

༢༠༢༠་ལོའི་ཟླ་༣་ཚེས་༡༧་ཉིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་སྐབས། པར། དབྱངས་ཅན་སྒྲོལ་མ།

བོད་དོན་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༣་ཚེས་༡༧་ཉིན། རྡ་སའི་གངས་སྐྱིད་བོད་མི་མང་སྤྱི་འཐུས་ཚོགས་ཁང་དུ། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་དུས་དགུ་པ་ཚོགས་སོང་། ཉིན་གཅིག་གི་ནང་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཉིས་དང་། གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གཅིག་བཞག་གནང་། གཞན་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༠་དང་༢༠༢༡་ལོའི་གཏོང་ལེན་ཁྲིམས་ཡིག་གཏན་འབེབས་གནང་འདུག

དེ་ཡང་། དང་ཐོག་ཚོགས་གཙོ་མཆོག་གིས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། དེ་རིང་ཚོགས་དུས་དེའི་ནང་མྱ་ངན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་་གཉིས་ཡོད། དང་པོ་ནི། བོད་རྔ་བ་ཁུལ་གྱི་བོད་དོན་ཆེད་རང་ལུས་མེར་བསྲེགས་གཏོང་གནང་མཁན་ཡོན་ཏན་ལགས་དང་། གཉིས་པ་ནི་དགེ་བཤེས་ལྷ་རམས་པ་བཀྲ་ཤིས་རྒྱལ་མཚན་མཆོག་རེད། དེ་ནས་བོད་ནང་གི་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཡོད་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༠ དང་ ༢༠༢༡ ལོའི་སྔོན་རྩིས་གཏན་འབེབ་སོགས་ཀྱི་ཐོག་རེད། སྤྱི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༤༠་པའི་དགོངས་དོན་ལྟར་ན། གྲོས་ཚོད་ཚོགས་དུས་དགུ་པ་འདི་སྤྱི་ཟླ་༣་ཚེས་༡༧་ནས་༢༧་བར་ལས་ཉིན་བཅུ་རེད། འོན་ཀྱང་། འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་ཡམས་དེ་ཁྱབ་དར་འགྲོ་བཞིན་ཡོད་པ་དང་། དེ་བཞིན་ང་ཚོའི་གནས་ཡུལ་རྒྱ་གར་ལའང་ཉིན་རེ་ནས་ནད་པ་འཕེལ་བཞིན་ཡོད་རྐྱེན། བཅའ་ཁྲིམས་དོན་ཚན་༤༠་པའི་དགོངས་དོན་སྤྱི་འཐུས་རྒྱུན་ལས་ཚོ་དང་ལྷན་དུ་གྲོས་སྡུར་གནང་ནས་གྲོས་ཚོགས་ཚོགས་དུས་དགུ་པ་ཉིན་གཅིག་མ་གཏོགས་འཚོགས་རྒྱུ་མིན་པའི་ཐག་གཅོད་ཞུས་ཡིན། ཞེས་གསུངས་སོང་།

དེ་ནས་མྱ་ངན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་གཉིས་དང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཅིག་བཅས་སྤྱི་མོས་གཏན་འབེབ་གནང་སོང་།

དེའི་རྗེས། དཔལ་ལྡན་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༠་ནས་༢༠༢༡་ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་གནང་སོང་། དེ་ནས་རྩིས་ལོ་༢༠༢༠་ནས་༢༠༢༡་ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་ལགས་ཀྱིས་སྙན་ཐོ་སྙན་སྒྲོན་གནང་སོང་། ཉིན་དགུང་རྗེས། སྤྱི་འཐུས་ཚོགས་གཞོན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༡༩་དང་༢༠༢༠་ལོའི་བསྐྱར་བཅོས་གཏོང་ལེན་གྱི་ཁྲིམས་ཡིག་དང་། རྩིས་ལོ་༢༠༢༠་དང་༢༠༢༡་ལོའི་གཏོང་ལེན་ཁྲིམས་ཡིག་སྙན་སྒྲོན་ཞུས་སོང་།

མཐའ་མར། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མཇུག་བསྡོམས་ཀྱི་གསུང་བཤད་གནང་དོན། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་འདི་ཐོག་མར་ལས་རིམ་བསྒྲིགས་པ་ནང་བཞིན་ཏོག་དབྱིབས་ནད་ཡམས་རྐྱེན་པས་བྱུང་ཐུབ་མེད། དེ་རིང་ཉིན་གྲངས་གཅིག་རིང་ཚོགས་པའི་ནང་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཉིས་བཞག་གནང་ཐུབ་པ་དང་། གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གཅིག རྩིས་ལོ་ ༢༠༢༠་དང་༢༠༢༡ ལོའི་གཏོང་ལེན་ཁྲིམས་ཡིག་གཏན་འབེབས་གནང་ཐུབ་པ་བྱུང་བ་ནི། གྲོས་ཚོགས་ར་བ་འདིའི་ནང་ཆ་ཤས་བཞེས་གནང་རྒྱུའི་ཐོབ་ཐང་ཡོད་མཁན་ཡོངས་ཀྱིས་མཐུན་འགྱུར་མཉམ་རུབ་གནང་བ་ལ་བརྟེན་ནས་བྱུང་བ་རེད། དེར་བརྟེན་ཚང་མར་བསྔགས་བརྗོད་ཞུ་རྒྱུ་ཡིན།

འདི་ལོར་འཛིན་སྐྱོང་བཀའ་ཤག་ངོས་ནས་ལོ་འཁོར་མོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་རེད། བཀའ་དྲིན་རྗེས་དྲན་གྱི་ལོ་འདིའི་ནང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་༸རྒྱལ་བའི་བཀའ་དགོངས་གང་ཐུབ་བསྒྲུབ་རྒྱུ་དང་། མཐུན་ལམ་གོང་བུ་གཅིག་ཏུ་བསྒྲིལ་བའི་ཐོག་ནས་རྩ་དོན་ཁོ་ནའི་ཆེད་དུ་དུས་ཚོད་གཏང་ཐུབ་པ་ཞིག་དང་། དོན་མེད་ང་ཚོའི་སྤྱི་ཚོགས་ནང་དཀྲོག་རྐྱེན་བཟོ་རྒྱུའི་རིགས་སུ་ལའང་དགོས་པ་མེད། མི་དགོས་པ་དེར་དང་ལེན་མ་གནང་བར་རྒྱང་རིང་དུ་བཏང་བའི་ཐོག་ནས་དུས་ཚོད་གང་ཡོད་པ་སྤྱི་པའི་རྩ་དོན་ཆེད་གང་བྱེད་དགོས་པ་དང་། སོ་སོའི་ནུས་པ་གང་འདོན་ཐུབ་པ་དེ་དག་གི་ཐོག་ནུས་པ་མཉམ་སྤུངས་ཐུབ་ཐབས་སླད་འབོད་སྐུལ་ཞུ་བཞིན་ཡོད། ཅེས་གསུངས་རྗེས། སྐབས་༡༦་པའི་གྲོས་ཚོགས་ཚོགས་དུས་དགུ་པ་གྲོལ་བའི་གསལ་བསྒྲགས་གནང་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།