05
Sun, Jul

༢༠༢༠་ལོའི་ཟླ་༣་ཚེས་༨་ཉིན། ཐེ་ཝན་དུ་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྲུང་བརྩི་ཞུ་སྐབས། པར། ཐེ་སྡོད་བོད་རིགས་ཚོགས་པ།

བོད་དོན་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༣་ཚེས་༨་ཉིན། ཐེ་ཝན་རྒྱལ་ས་ཐེ་པེལ་དུ། ཐེ་སྡོད་བོད་རིགས་ཚོགས་པས་གོ་སྒྲིག་འོག བོད་མིར་རང་དབང་དང་། བདེ་འཇགས། ཆོས་ལུགས། རིག་གནས་བཅས་ཀྱི་རྒྱུད་འཛིན་དགོས། ཞེས་པའི་བརྗོད་གཞི་ཐོག་ནས་བོད་མིའི་སྒེར་ལངས་ཉིན་མོ་སྲུང་བརྩི་ཞུས་འདུག

དེ་ཡང་། ཐེ་ཝན་རྒྱལ་ས་ཐེ་པེལ་དུ་། བོད་རིགས་གཙོས་པའི་ཐེ་ཝན་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཙམ་ཞིག་གིས་ཞི་བའི་གོམ་བགྲོད་བྱས་ཏེ། རྒྱ་གཞུང་གིས་དྲག་གནོད་ཀྱི་སྲིད་བྱུས་འོག་ཏུ་གནས་བཞིན་པའི་བོད་མི་དང་། ཁོ་ཚོའི་སྡུག་བསྔལ་བཙན་བྱོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བརྗེད་མེད་ཞེས་བརྗོད་དེ། བོད་མིའི་རང་དབང་སྒེར་ལངས་ཉིན་མོ་ཐེངས་༦༡་པ་དེ་སྲུང་བརྩི་ཞུས་འདུག

དང་ཐོག ལས་འགུལ་དེ་འགོ་མ་བཙུགས་གོང། ལས་འགུལ་བ་ཚོས་བོད་ཀྱི་རྒྱལ་གླུ་བླངས་ཤིང་། དེ་ནས་བོད་དོན་གྱི་ཕྱིར་དུ་རང་སྲོག་བློས་བཏང་བའི་བོད་ནང་གི་དཔའ་བོ་དཔའ་མོ་ཚོ་དང་། རྒྱ་གཞུང་གིས་དྲག་གནོད་འོག་གནས་པའི་བོད་མི། དེ་བཞིན་ད་ལྟར་རྒྱ་ནག་ཝུ་ཧུན་གྱི་ཏོག་དབྱིབས་རིམས་ནད་ཀྱིས་ཚེ་སྲོག་འཁྱེར་བའི་མི་རྣམས་བཅས་ཀྱི་ཆེད་དུ་སྐར་མ་གཅིག་གི་རིང་དུ་མྱ་ངན་གུས་འདུད་ཞུས་འདུག བོད་རིགས་གཙོས་པའི་ཐེ་ཝན་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ཀྱི་རྒྱལ་དར་དང་། ༸གོང་ས་མཆོག་གི་སྐུ་པར། འཕྲེད་དར་བཅས་འཁྱེར་ནས་ཁུ་སིམ་མེར་ཞི་བའི་གོམ་བགྲོད་གནང་འདུག

དེའི་སྐབས། ཐེ་སྡོད་བོད་རིགས་ཀྱི་ཚོགས་གཙོ་བསྟན་འཛིན་རྣམ་དག་ལགས་ཀྱིས་ལས་འགུལ་འདིའི་སྐོར་བརྗོད་དོན། ད་ལོར་ཁུ་སིམ་མེར་ལས་འགུལ་སྤེལ་དོན་ནི། ཝུ་ཧུན་གྱི་ཏོག་དབྱིབས་རིམས་ནད་དེ་མི་ཕོག་པའི་ཆེད་དུ་ཡིན་པས། ཁ་རས(བོད་ཀྱི་རྒྱལ་དར་ཡོད་པའི་ཁ་རས)བརྒྱབ་ནས་སྐད་འབོད་གང་ཡང་མི་རྒྱག་པ་ཁུ་སིམ་མེར་གོམ་བགྲོད་བྱེད་ཀྱི་ཡོད། དེ་ནི་བོད་ནང་གི་བོད་མི་ཚོར་སྨྲ་བརྗོད་རང་དབང་མེད་པ་དང་། ཆོས་དད་རང་དབང་བརླག་པའི་སྡུག་བསྔལ་བཅས་མཚོན་པའི་ཆེད་དུ་ཡིན། ཞེས་བརྗོད་འདུག

ཡང་ཁོང་གིས་མུ་མཐུད་ནས་བརྗོད་དོན། རྒྱ་གཞུང་ལ་དཀའ་ངལ་གཅིག་འཕྲད་སྐབས་དྲག་གནོན་བྱེད་ཀྱི་ཡོད། དེ་ཡང་བོད་ནས་འགོ་བརྩམས་ཏེ། ཡུ་གུར་དང་། ཧོང་ཀོང་། ད་ལྟར་ཝུ་ཧུན་གྱི་གློ་ནད་ལྟ་བུ་རེད། མ་འོངས་པར་རྒྱ་ནག་གཙོས་པའི་འཛམ་གླིང་གི་རྒྱལ་ཁབ་ཚང་མ་མང་གཙོའི་རྒྱལ་ཁབ་ཆགས་པའི་རེ་བ་ཡོད། བདེ་འཇགས་ལྡན་པའི་རྒྱལ་ཁབ་ཏུ་འགྱུར་་བའི་རེ་བ་ཡོད། ཅེས་བརྗོད་འདུག

དེ་ནས་ལས་འགུལ་དེའི་དམིགས་ཡུལ་དང་འབྲེལ་བའི་ཐོག་བརྗོད་དོན། བོད་མི་ཚོར་བདེ་འཇགས་དང་། རང་དབང་། ཆོས་དད་རང་དབང་། རིག་གཞུང་བཅས་ལ་སྲུང་སྐྱོབ་དགོས། རྒྱ་གཞུང་གིས་བོད་རྒྱ་བར་ཞི་བའི་གྲོས་མོལ་འགོ་འཛུགས་བྱེད་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད། གཞན། ཐེ་ཝན་སྲིད་གཞུང་གིས་ཐེ་སྡོད་བོད་རིགས་ལ་སློབ་སྦྱོང་དང་། སྨན་བཅོས་སོགས་ཀྱི་ཐོག་རོགས་སྐྱོར་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད། ཅེས་འབོད་སྐུལ་ཞུས་འདུག

ལས་འགུལ་བ་ཚོས་དགོས་འདུན་གསུམ་བཏོན་ཡོད་ཅིང་། དང་པོ། བོད་མིར་རང་དབང་དང་། བདེ་འཇགས། ཆོས་ལུགས་དད་པ། རིག་གཞུང་བཅས་ལ་སྲུང་སྐྱོབ་དགོས། གཉིས་པ། ཐེ་སྡོད་བོད་རིགས་ཚོགས་པའི་ལངས་ཕྱོགས་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་གཅིག་པ་ཡིན། དེ་ནི་བོད་རྒྱ་བར་ཞི་བའི་གྲོས་མོལ་བྱེད་རྒྱུ་དེ་ཡིན། གསུམ་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཡོངས་ཁྱབ་གསལ་བསྒྲགས་བཏང་བའི་ནང་གསེས། སྤྱི་མང་ལ་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གཞུང་གི་ཐོབ་ཐང་ཡོད་པ་བཅས་ལག་བསྟར་འོག ཐེ་ཝན་སྲིད་གཞུང་གིས་རོགས་སྐྱོར་གནང་ནས་ཐེ་ཝན་དུ་ཐེ་བོད་སྤྱི་ཚོགས་རིག་གཞུང་ལྟེ་གནས་ཁང་ཞེས་པ་ཞིག་འཛུགས་པའི་རེ་སྐུལ་ཞུ་ཞིང་། དེ་ནི་ཐེ་སྡོད་བོད་རིགས་ལ་སློབ་སྦྱོང་དང་། སྨན་བཅོས། གནས་སྡོད། བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་དུ་ཡིན་སྐོར་བརྗོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།