18
Thu, Apr

༢༠༢༠་ལོའི་ཟླ་༢་ཚེས་༢༡་ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་། དྲུང་ཆེ་བསོད་ནམ་ཚེ་རིང་ལགས་གཉིས་གསར་འགོད་གསལ་བསྒྲགས་སྤེལ་སྐབས།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༢་ཚེས་༢༡་ཉིན། བཞུགས་སྒར་རྡ་ས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ལས་ཁུང་དུ། ལྷན་ཚོགས་དེའི་ཚོགས་གཙོ་དང་དྲུང་ཆེ་གཉིས་ཀྱིས། གཞིས་བྱེས་བོད་མིར་ལོ་གསར་མཚམས་འདྲི་དང་ཏོག་དབྱིབས་ནད་དུག་ལ་ཡིད་གཟབ་གནང་ཕྱོགས་ཀྱི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

དེ་ཡང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། གཞིས་བྱེས་བོད་མི་ཡོངས་ལ་བོད་ལྕགས་བྱི་གནམ་ལོའི་རང་ཞལ་གསར་དུ་བཞད་པའི་རྟེན་འབྲེལ་གྱི་དགའ་སྟོན་ལ་མཛའ་བརྩེས་དྲངས་པའི་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་བ་དང་སྦྲགས་ཞུ་དོན་གཙོ་བོ་ནི། བར་ལམ་རྒྱ་ནག་ནས་ཁྱབ་བཞིན་པའི་ཚབས་ཆེའི་ནད་ཡམས་ཏོག་དབྱིབས་ཆམ་ཚད་འགོས་ནད་དེ། ད་ཆ་འཛམ་གླིང་ས་ཁུལ་གང་སར་ཁྱབ་འགྲོ་བཞིན་ཡོད་པར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་ཚན་པ་དང་། གཞན་ཡང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་དང་བཅས་པར་དམིགས་བསལ་གྱི་སེམས་ཚབས་ཆེན་པོ་བྱུང་ཡོད་པ་བཞིན།

ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས། གཞིས་བྱེས་བོད་རིགས་སྤྱི་དང་། ལྷག་དོན་དུ་གཞིས་ལུས་བོད་རིགས་སྤུན་ཟླ་ཡོངས་ལ་རེ་སྐུལ་ཞུ་རྒྱུར། ད་ལྟའི་གནས་སྐབས་འདིར་ཚན་རིག་པ་དང་། འཕྲོད་བསྟེན་གྱི་ཚན་པ་ཁག་ཅིག་གིས་གལ་ཏེ་འགོས་ནད་ཀྱི་ནད་རིམ་འདི་དུས་ཐོག་སྔོན་འགོག་མ་ཐུབ་ཚེ། འཛམ་གླིང་མི་འབོར་བརྒྱ་ཆ་ལྔ་བཅུ་ཙམ་ལ་རྗེས་འབྲས་ཤུགས་རྐྱེན་སྤྲོད་རྒྱུའི་ཉེན་ཁ་ཡོད་ལུགས་བརྗོད་ཡོད། རིང་མིན་རང་རེའི་བོད་ཀྱི་ལོ་གསར་སླེབས་ལ་ཉེ་བར་བརྟེན། རང་རང་ཁྱིམ་ཚང་སོ་སོར་རྟེན་འབྲེལ་མཚོན་བྱེད་དུ་ལོ་གསར་རྒྱས་སྤྲོས་མ་ཡིན་པར་འཁུ་བསྡུ་ཞིག་གཏོང་བ་ལས། འཆར་རྐྱེན་ལྟར་ཕུན་ཚུན་མགྲོན་འབོད་འགྲོ་རེས་དང་། མི་ཚོགས་འདུ་འཛོམས་ཆེ་སར་འགྲོ་ཐལ་མི་ཡོང་བར་ཞེས་འབོད་སྐུལ་ཞུ་རྒྱུ་དང་ཆབས་ཅིག རྒྱུན་གཏན་ནས་རང་རང་གི་ཟས་སྤྱོད་ཐོག་ཐུགས་སྣང་ཆེ་བཞེས་དགོས་པ་དང་། ནད་རིམ་སྔོན་འགོག་ཆེད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་< འཕགས་མ་སྒྲོལ་མའི་མཚན་སྔགས།>་གྲངས་གསོག་ཐུབ་ན་ཕན་ཀྱི་རེད་ཅེས་ལམ་སྟོན་བཀའ་སློབ་སྙིང་ལ་བཅངས་པ་དང་། དེ་བཞིན། དཔལ་ས་སྐྱབས་མགོན་མ་རིན་པོ་ཆེ་མཆོག་ནས་ཀྱང་། <ལྷ་མོ་ལོ་གྱོན་མའི་གཟུངས་སྔགས།>་གྲངས་གསོག་དགོས་པའི་བཀའ་སློབ་ཕེབས་པ་བཞིན། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁག་ནས་འགན་འཁུར་སྣེ་ཁྲིད་ཀྱིས་མི་མང་ལ་གསལ་འདེབས་ཞུ་བ་དང་སྦྲགས། གཟུངས་སྔགས་གསོག་སྒྲུབ་གནང་ངེས་ཡིན་པས་གཞིས་བྱེས་བོད་འབངས་ཚང་མས་དེ་དོན་རང་དོན་རང་གཅེས་ཀྱིས་དགོངས་པའི་དྲན་སྐུལ་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

དེ་ནས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམ་ཚེ་རིང་ལགས་ཀྱིས་ཏོག་དབྱིབས་ནད་དུག་གི་ཐོག་ནས་ཀྱང་རྒྱ་གཞུང་གིས་མི་རིགས་དབྱེ་འབྱེད་བྱེད་ཀྱི་ཡོད་པ་དང་རྒྱ་ནག་མི་མང་གིས་གཞུང་གི་ངོ་གདོང་ངོ་མ་རྟོགས་ཀྱི་ཡོད་པའི་ཐོག་བརྗོད་དོན། དང་ཐོག རྒྱ་ནག་གི་ཏོག་དབྱིབས་ནད་དུག་དེ་ཝུ་ཧུན་གྲོང་ཁྱེར་ནང་དུ་ཁྱབ་སྐབས། རྒྱ་གཞུང་གིས་མི་རིགས་དབྱེ་འབྱེད་ཐོག་ནས་གྲོང་ཁྱེར་དང་ས་གནས་གཞན་པ་བསྐྱོད་པའི་གནམ་གྲུ་ཚང་མ་བཀག་ཡོད་ཀྱང་། བོད་ཀྱི་རྒྱལ་ས་ལྷ་ས་དང་མཚོ་སྔོན། ཡུ་གུར་བཅས་ལ་བསྐྱོད་པའི་གནམ་གྲུ་བཀག་མེད། དེ་བཞིན་བོད་ནང་དུ་སྨན་བཅོས་ཀྱི་མཐུན་རྐྱེན་ཡག་པོ་མེད་ཙང་། བོད་མི་ཚོར་ཉེན་ཁ་ཆེན་པོ་ཆགས་ཡོད། དེར་བརྟེན། བོད་མི་ཚོས་རང་ངོས་ནས་ཡིད་གཟབ་གནང་རོགས་ཞུ་རྒྱུ་ཡིན།

གཞན། རྒྱ་ནག་མི་མང་ལ་ཏོག་དབྱིངས་ནད་དུག་བྱུང་སྐབས་རྒྱ་གཞུང་ནས་མི་མང་གི་དཀའ་ངལ་སེལ་ཐུབ་མེད་ཙང་། མི་མང་ནང་ཁུལ་ལ་རྒྱ་གཞུང་ལ་མི་དགའ་བའི་རྣམ་འགྱུར་སྟོན་མཁན་དང་། དྲ་ཐོག་ནས་བརྙན་ཐུང་དང་རྩོམ་ཆོས་སོགས་བརྒྱུད་ནས་ངོ་རྒོལ་བྱེད་མཁན་མང་དག་ཞིག་བྱུང་དང་འབྱུང་བཞིན་ཡོད། རྒྱ་ནག་མི་མང་གིས་དམར་པོ་གཞུང་དེའི་ངོ་གདོང་ངོ་མ་གང་ཡིན་ཤེས་བཞིན་ཡོད། རྒྱ་ནག་མི་མང་ལ་ཆ་བཞག་ན། ད་ལྟའི་ཆར་ནད་དུག་གཉིས་ཡོད། གཅིག་ནི་ཏོག་དབྱིབས་ནད་དུག་དང་། གཉིས་པ་ནི་རྒྱ་གཞུང་ཡིན། ནད་དུག་འདི་བྱུང་ནས་བཟུང་། རྒྱ་གཞུང་གིས་མི་མང་གི་སྨྲ་བརྗོད་རང་དབང་བཀག་པ་མ་ཟད། འཛིན་བཟུང་བཀག་ཉར། འགྲོ་བསྐྱོད་རང་དབང་བཀག་པ་སོགས་བྱས་ནས་དམར་པོའི་གཞུང་ནི་མི་མང་གི་དགྲ་བོ་ཡང་ན་ནད་དུག་ལྟ་བུ་ཆགས་ཡོད། དེར་བརྟེན། རྒྱ་ནག་ནང་འགྱུར་བ་འགྲོ་རྒྱུ་དང་། ང་ཚོའི་ཆབ་སྲིད་ཀྱི་འཐབ་རྩོད་ནང་དུ་གོ་སྐབས་ཤིག་ཡོད་པ་མཐོང་གི་འདུག ཅེས་བརྗོད་སོང་།