19
Fri, Apr

༢༠༢༠་ལོའི་ཟླ་༢་ཚེས་༡༣་ཉིན། བཞུགས་སྒར་རྡ་ས་བོད་རང་བཙན་ཉིན་མོ་སྲུང་བརྩི་ཞུ་སྐབས། པར། དབྱངས་ཅན་སྒྲོལ་མ།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༢་ཚེས༡༣་ཉིན། བཞུགས་སྒར་རྡ་སར་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག ༧རྒྱལ་བ་སྐུ་ཕྲེང་༡༣་པས་བོད་རང་བཙན་གསལ་བསྒྲགས་གནང་ནས། མི་ལོ་༡༠༧་འཁོར་བ་དང་བསྟུན། བོད་ཆོལ་ཁ་གསུམ་གྱི་ཆས་གོས་སྤྲས་ཤིང་ལག་ཏུ་བོད་ཀྱི་རྒྱལ་དར་དང་། རང་བཙན་བསྒྲགས་གཏམ་གྱི་ཡི་གེ་དཔར་མའི་རས་གཞི་བཅས་འཁྱེར་ནས་ཉིན་མོ་འདི་སྲུང་བརྩི་ཞུས་སོང་།

དེ་ཡང་། ཉིན་འདི་ནི་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་བོད་རང་བཙན་ཁྱབ་བསྒྲགས་གནང་བའི་ཉིན་མོ་ཡིན་པ་དང་། རྡ་སའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག བོད་ནི་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཡོད་པའི་རྒྱལ་ཁབ་ཞིག་ཡིན་པའི་དྲན་གསོ་ཆེད་དུ། བོད་ཀྱི་གཞོན་སྐྱེས་༢༥་ཡིས་བོད་ཆོལ་ཁ་གསུམ་གྱི་ཆས་གོས་གྱོན་ནས་བོད་ཀྱི་རྒྱལ་དར་དང་། རང་བཙན་བསྒྲགས་གཏམ་གྱི་ཡི་གེ་དཔར་མའི་རས་གཞི་བཅས་འཁྱེར་ནས། ཐེག་ཆེན་གཙུག་ལག་ཁང་ནས་མན་ལོ་སྤྱི་ཐང་བར་དུ་འགྱག་འགྲོས་ཀྱི་རྣམ་པའི་སྒོ་ནས་གོམ་བགྲོད་བྱས་ཏེ་བོད་རང་བཙན་ཉིན་མོ་སྲུང་བརྩི་ཞུས་སོང་།

དེ་ནས་མཱན་ལཱོའི་སྤྱི་ཐང་དུ་འཛོམས་ནས། བོད་བོད་ཡུལ་ལ་སྐྱིད། རྒྱ་རྒྱ་ཡུལ་ལ་སྐྱིད། ཅེས་པའི་བརྗོད་གཞིའི་ཐོག རྒྱ་གར་བ་དང་ཕྱི་རྒྱལ་བ་བཅས་ལ་བོད་ནི་རང་བཙན་གཙང་མ་ཡིན་པ་དང་། ཉིན་མོ་འདི་གལ་ཆེན་པོ་ཆགས་ཡོད་པའི་སྐོར་སོགས་ཀྱི་ཐོག་གོ་རྟོགས་སྤེལ་སོང་།

དེ་ཡང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འཆར་འགོད་པའི་འགན་འཛིན་རྒྱལ་མཚན་ལགས་ཀྱིས་ལས་འགུལ་དེ་དང་འབྲེལ་བའི་ཐོག་བརྗོད་དོན། བོད་རང་བཙན་སློབ་ཕྲུག་ཚོགས་པས་༢༠༡༣་ལོ་ནས་བོད་རང་བཙན་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད། ཉིན་མོ་ནི་ཧ་ཅང་གལ་ཆེན་པོ་ཆགས་བསྡད་ཡོད་རེད། ད་ལོ་དམིགས་བསལ་འགྱག་འགྲོས་(Majestic Walk)་ཞེས་པའི་བརྗོད་གཞི་ཐོག་ལས་འགུལ་སྤེལ་གྱི་ཡོད། འདི་ནི་བོད་ནང་དུ་སྨོན་ལམ་ཆེན་མོ་ཚེ་རྗེས། བོད་མི་ཚོས་རང་ཉིད་བོད་ཆས་གཙང་མ་སྤྲས་ནས་རིག་གཞུང་གི་ལས་འགུལ་ཞིག་སྤེལ་བཞིན་ཡོད། དེར་བརྟེན། ང་ཚོས་ཁོ་ཚོར་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་མཚོན་ཆེད་དུ་ལས་འགུལ་འདི་འདྲ་སྤེལ་བ་ཡིན། ཞེས་བརྗོད་སོང་།

དེ་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རིག་འཛིན་ཆོས་སྒྲོན་ལགས་ཀྱི་ལས་འགུལ་དང་འབྲེལ་བའི་ཐོག་བརྗོད་དོན། བོད་རང་བཙན་ཉིན་མོ་འདི་སྲུང་བརྩི་བྱེད་དགོས་དོན་ནི། མི་ལོ་སྟོང་ཕྲག་མང་པོ་ཡོད་པའི་བོད་ཀྱི་ལོ་རྒྱུས་དེ་རྒྱ་ནག་གིས་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད། དེར་བརྟེན། ང་ཚོས་རྒྱ་ནག་ལ་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་ལོ་རྒྱུས་ཡོད་པ་དང། རྒྱ་གཞུང་གིས་ཐབས་ཤེས་འདྲ་མིན་བཏང་ནས་བོད་ཀྱི་ལོ་རྒྱུས་དངོས་ལྡན་ཡིན་ཡང་རྫུན་བཟོ་བྱེད་ཐབས་བྱེད་ཀྱི་ཡོད་པར་ང་ཚོ་གཞོན་སྐྱེས་ཚོས་གདོང་ལེན་བྱེད་ཐུབ་ཀྱི་ཡོད་ཅེས་བརྡ་ལེན་སྤྲོད་ཀྱི་ཡོད།  ༡༩༡༣་ལོར་བོད་རང་བཙན་ཡིན་པའི་གསལ་བསྒྲགས་ནང་དུ་། བོད་བོད་ཡུལ་ལ་སྐྱིད། རྒྱ་རྒྱ་ཡུལ་ལ་སྐྱིད་ཅེས་གསལ་ཡོད་པ་བཞིན། ང་ཚོས་རྒྱ་གཞུང་ངོས་ལེན་རྩ་བ་ནས་བྱེད་ཀྱི་མ་རེད། དེ་བཞིན་བོད་པའི་གཞོན་སྐྱེས་ཚོས་རང་ཉིད་ཀྱི་ལོ་རྒྱུས་བདག་པོ་རྒྱག་རྒྱུ་དང་རྒྱ་གཞུང་གིས་བཙན་འཛུལ་མ་བྱས་གོང་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དྲན་གསོ་ཆེད་དུ་ཡིན། ཞེས་བརྗོད་སོང་།

དེ་ནས་དགོང་དྲོ་ཆུ་ཚོད་༦་ནས་༧་དང་ཕྱེད་ཀ་བར། སིལ་མ་ཆིངས་ཡིག་གི་འབྱུང་རྐྱེན་གང་ཡིན་ལ་ལྟ་བ། ཅེས་པའི་བརྗོད་གཞི་ཐོག ཚེ་དབང་རྡོ་རྗེ་ལགས་དང་བསོད་ནམ་རྒྱལ་མཚན་ལགས་ཀྱིས་མི་མང་ལ་བརྗོད་གཞི་དེ་དང་འབྲེལ་བའི་ཐོག་གཏམ་བཤད་སྤེལ་ཡོད་འདུག