15
Sat, Aug

༢༠༡༩་ལོའི་ཟླ་༡༢་ཚེས་༡༠་ཉིན། བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་གཞུང་གིས་བོད་ནང་དུ་བཙོན་འཇུག་བྱས་པའི་བོད་མི་༧༡་གི་སྐུ་པར་དང་ལོ་རྒྱུས་སྟོན་བཞིན་པ།

བོད་དོན་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༡༢་ཚེས་༡༠་ཉིན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར། བཞུགས་སྒར་རྡ་སར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པ་དང་དྲ་བརྙན་ཚན་པས་གོ་སྒྲིག་འོག བོད་ནང་ཛ་དྲག་གི་གནས་སྟངས་ཐོག་སྐར་མ་བཞི་ཅན་གྱི་བརྙན་ཐུང་ཅིག་བསྟན་སོང་། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པའི་ཐོག་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེལ་སོང་། གཞན། ཨ་རིར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ། བོད་དང་། ཤར་ཏུར་ཀི་སུ་ཐན། ཐེ་ཝན། ཧོང་ཀོང་། རྒྱ་མི། ལྷོ་སོག ཧ་སག་སི་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་བརྒྱ་ཕྲག་ལྷག་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འགྲོ་བ་མའི་ཐོབ་ཐང་དང་། འདྲ་མཉམ། དྲང་བདེན་སོགས་ལ་ངོ་འཛིན་དགོས་པའི་འབོད་སྐུལ་བྱས་འདུག

དེ་ཡང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པ་དང་དྲ་བརྙན་ཚན་པས་གོ་སྒྲིག་འོག སྐར་མ་བཞི་ཅན་གྱི་བརྙན་ཐུང་ཅིག་བོད་ཀྱི་འགྲེམས་སྟོན་ཁང་དུ་བསྟན་སོང་། དེའི་ཐོག ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་ལྡན་སྐྱིད་ལགས་ཀྱིས་ངོ་སྤྲོད་གནང་དོན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གཏན་འབེབ་བྱས་ནས་མི་ལོ་༧༡་འཁོར་གྱི་ཡོད་རེད། བརྙན་ཐུང་འདི་བརྒྱུད་ནས་བོད་ནང་དུ་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གང་འདྲ་གཏོང་གི་ཡོད་མེད་དང་། དེ་བཞིན་རྒྱ་ནག་ལ་དྲན་གསོ་བྱེད་རྒྱུ་ཆེད་དུ་རེད། རྒྱ་ནག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་ཡིན་པ་མ་ཟད། རྒྱལ་སྤྱིའི་ཡིག་ཆ་གལ་ཆེན་པོ་ཁག་ལ་མཚན་རྟགས་བརྒྱབ་ནས་ཁས་ལེན་བྱེད་ཀྱི་ཡིན་ཞེས་བརྗོད་ཀྱི་ཡོད་རེད། འོན་ཀྱང་། རྒྱ་གཞུང་གིས་དངོས་སུ་ལག་བསྟར་བྱེད་ཀྱི་མེད། བརྙན་ཐུང་འདི་བརྒྱུད་ནས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ཇི་ལྟར་བརྩི་སྲུང་བྱེད་ཀྱི་མེད་པར་སྟོན་ཆེད་དུ་རེད། འགྲོ་བ་མིའི་ཐོབ་ཐང་ཐོག་ལག་བརྟར་བྱེད་མ་ཐུབ་ན་ས་ཡིག་མ་རྒྱག་ཅེས་བརྗོད་ཀྱི་ཡོད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་གཞི་སྲུང་བརྩི་བྱེད་ཀྱི་ཡོད་མདོག་དང་། དངོས་སུ་ལག་བསྟར་བྱེད་ཀྱི་མེད་པའི་ངོ་སྤྲོད་བརྙན་ཐུང་ཅིག་རེད་ཅེས་བརྗོད་སོང་།

དེའི་རྗེས། བཞུགས་སྒར་རྡ་སའི་ཐེག་ཆེན་གཙུག་ལག་ཁང་གི་སྒོ་ཆེན་འགྲམ་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པའི་ཐོག་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེལ་སོང་། དེ་ཡང་། ༢༠༡༩་ལོ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་བྱས་ནས་མི་ལོ་༧༡་འཁོར་གྱི་ཡོད་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་ནང་གི་ཆབ་སྲིད་བཙོན་པ་གྲངས་༧༡་གི་པར་དང་མཉམ་དུ་ལོ་རྒྱུས་མདོར་བསྡུས་ཤིག་གི་ཤོག་བྱང་བཟོས་ནས། མི་མང་ལ་རྒྱ་གཞུང་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པའི་ཐོག དེ་བཞིན་རྒྱ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་གཞི་ཁག་ལྔ་པ་དང་། དགུ་པ། བཅུ་པ། བཅུ་གསུམ་པ། བཅོ་བརྒྱད་པ། བཅུ་དགུ་པ། ཉི་ཤུ་བཅས་ཇི་ལྟར་རྡོག་རོལ་གཏོང་གི་ཡོད་མེད་སོགས་ཀྱི་ཐོག་གོ་རྟོགས་ལས་འགུལ་སྤེལ་སོང་།

༢༠༡༩་ལོའི་ཟླ་༡༢་ཚེས་༨ཉིན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན། ཨ་རིར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ། བོད་དང་། ཤར་ཏུར་ཀི་སུ་ཐན། ཐེ་ཝན། ཧོང་ཀོང་། རྒྱ་མི། ལྷོ་སོག ཧ་སག་སི་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་བརྒྱ་ཕྲག་ལྷག་གིས་རྒྱ་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པའི་སྐོར་ཀྱི་ལས་འགུལ་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འགྲོ་བ་མའི་ཐོབ་ཐང་དང་། འདྲ་མཉམ། དྲང་བདེན་སོགས་ལ་ངོ་འཛིན་དགོས་པའི་འབོད་སྐུལ་བྱས་འདུག

དེ་ཡང་། ༡༩༤༨་ལོར་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ་༡༢་ཚེས་༡༠་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་གཏན་འབེབ་བྱས་ཡོད་པ་དང་། དེ་ནི་མི་རེ་ངོ་རེར་འགྲོ་བ་མིའི་ཐོབ་ཐང་རྩིས་སྲུང་དང་སུ་ཀྱང་མི་སྒེར་གྱི་རང་དབང་བཙན་འཕྲོག་བྱེད་མི་ཆོག་པ་བཅས་ཀྱི་ཐོག་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་འདུག དེར་བརྟེན། ཟླ་འདི་ཚེས་༨་ཉིན། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ཤར་ཏུར་ཀི་སུ་ཐན། ཐེ་ཝན། ཧོང་ཀོང་། རྒྱ་མི། ལྷོ་སོག ཧ་སག་སི་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་བརྒྱ་ཕྲག་ལྷག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་འཛོམས་ནས། རྒྱ་གཞུང་གིས་རྒྱ་མི་མ་ཟད། བོད་དང་། ཤར་ཏུར་ཀི་སུ་ཐན། ཐེ་ཝན། ཧོང་ཀོང་། ལྷོ་སོག ཧ་སག་སི་ཐན་བཅས་ཀྱི་ནང་དུ། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པ་དང་། ལྷག་པ་དུ། ཐེ་ཝན་གྱི་མང་གཙོ་ལ་ཐེ་བྱུས་བྱེད་བཞིན་ཡོད། དེར་བརྟེན། ང་ཚོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འགྲོ་བ་མའི་ཐོབ་ཐང་དང་། འདྲ་མཉམ། དྲང་བདེན་སོགས་ལ་ངོ་འཛིན་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་བརྗོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།