11
Wed, Dec

༢༠༡༩་ལོའི་ཟླ་༡༡་ཚེས་༣༠་ཉིན། བོད་དོན་རྒྱབ་སྐྱོར་བ་སན་ཌེ་ཞི་མེ་ཞི་རམ་(Sandesh Meshram)་ལགས།

བོད་དོན་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༡༡་ཚེས་༣༠་ཉིན། བཞུགས་སྒར་རྡ་སའི་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་དོན་རྒྱབ་སྐྱོར་བ་སན་ཌེ་ཞི་མེ་ཞི་རམ་(Sandesh Meshram)ལགས་ཀྱིས་ཟླ་བཞི་ལྷག་གི་རིང་རྒྱ་གར་བྱང་ཕྱོགས་ནས་རྒྱ་གར་ལྷོ་ཕྱོགས་དབར་དུ་རྐང་འཁོར་བཞོན་ནས་རྒྱ་གར་མི་མང་ལ་བོད་དོན་སྐོར་གྱི་གོ་རྟོགས་ཡོང་ཆེད་དུ་བོད་རང་དབང་། རྒྱ་གར་སྲུང་སྐྱོབ་(Free Tibet,Save India)ཞེས་པའི་འབོད་ཚིག་ཐོག་ལས་འགུལ་སྤེལ་རྒྱུ་ཡིན་འདུག

དེ་ཡང་། རྡ་ས་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་སྤེལ་བའི་གསར་འགོད་གསལ་བསྒྲགས་ཀྱི་ཐོག བོད་དོན་རྒྱབ་སྐྱོར་བ་སན་ཌེ་ཞི་མེ་ཞི་རམ་(Sandesh Meshram)་ཡང་ན་བོད་མིང་ལ་བསམ་གཏན་ཡེ་ཤེས་ལགས་དང་། འཕགས་བོད་མཛའ་འབྲེལ་ཚོགས་པའི་འབྲེལ་མཐུད་པ་འཇིག་མེད་ཚུལ་ཁྲིམས་ལགས། རྡ་སའི་ས་གནས་འགན་འཛིན་ཀུན་དགའ་ཚེ་རིང་ལགས་བཅས་ཕེབས་ནས་བོད་དོན་སྐོར་གྱི་གོ་རྟོགས་ཡོང་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་པའི་ཐོག་གསལ་བསྒྲགས་གནང་སོང་། རྐང་འཁོར་སྐོར་བསྐྱོིད་ཀྱི་ལས་འགུལ་དངོས་གཞི་དེ། རྒྱ་གར་བྱང་ཕྱོགས་ཧི་མ་ཅ་མངའ་སྡེའི་ནང་གི་གྲོང་སྡེ་རྡ་ས་ནས་༢༠༡༩་ལོའི་ཟླ་༡༢་ཚེས་༡་ཉིན་ནས། རྒྱ་གར་གྱི་མངའ་སྡེ་༡༢་བརྒྱུད་ནས་༢༠༢༠་ལོའི་ཟླ་༣་ཚེས་༡༠་ཉིན་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀ་ཎ་ཊར་ཀ་ནང་གི་བོད་ཀྱི་གཞིས་ཆགས་མོན་གྷོ་ཊི་ལ་མཇུག་བསྡུ་རྒྱུ་བྱ་ཡིན་འདུག

བོད་དོན་རྒྱབ་སྐྱོར་བ་སན་ཌེ་ལགས་ཀྱིས་༢༠༡༤་ལོར་བོད་སྐྱོབ་ཅེས་པའི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་རྒྱ་གར་གྱི་མངའ་སྡེ་ལྔའི་ནང་དུ་སྤྱི་ལེ་༤༠༠༠་ལྷག་ལ་བོད་དོན་སྐོར་གྱི་གོ་རྟོགས་ཡོང་སླད་དུ་རྐང་འཁོར་བཞོན་ཏེ་བོད་དོན་ལས་འགུལ་སྤེལ་ཡོད་འདུག མངའ་སྡེ་དེ་དག་ནི་མ་ཌི་མངའ་སྡེ་དང་། ཆ་ཌི་སི་གྷར་མངའ་སྡེ། ཨོ་ཌི་ཤ་མངའ་སྡེ། ཨན་ཌི་ར་མངའ་སྡེ། ཏེ་ལན་གྷ་ཎ་མངའ་སྡེ་བཅས་ཡིན་འདུག ༢༠༡༦་ལོར་ཁོང་གི་ཐེངས་གཉིས་པའི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེ་མངའ་སྡེ་མ་ཌི་ཡ་མངའ་སྡེའི་གྲོང་འཁྱེར་ཎག་པོར་ནས་ཨོ་ཊར་མངའ་སྡེའི་གྲོང་འཁྱེར་རྡོ་རྗེ་གདན་ལ་སྤྱི་ལེ་༡༢༠༠་ཡི་ས་ཐག་བརྒྱུད་ནས་བོད་སྐྱོབ་ཅེས་པའི་ཐོག་ཏུ་ལས་འགུལ་སྤེལ་འདུག

དེ་ནས། ཁོང་གི་བོད་དོན་སྐོར་གྱི་གོ་རྟོགས་ཀྱི་ལས་འགུལ་ཐེངས་གསུམ་པ་དེ། ༢༠༡༧་ལོའི་ཟླ་༡༠་ཚེས་༢༠་ཉིན། ཨོ་ཊར་མངའ་སྡེའི་གྲོང་འཁྱེར་རྡོ་རྗེ་གདན་ནས་འབྲས་ལྗོངས་དང་བོད་ཀྱི་ས་མཚམས་ཎ་ཐུ་པ་སི་དབར་དུ། རྒྱ་ནག་དང་རྒྱ་གར་གཉིས་ཀྱི་༡༩༦༢་ལོ་དམག་འཁྲུག་ཤོར་བའི་དྲན་གསོ་ཆེད་དུ་རྐང་འཁོར་བཞོན་ནས་ལས་འགུལ་སྤེལ་འདུག ཁོང་གི་མངའ་སྡེ་འདྲ་མིན་དང་ས་གནས་འདྲ་མིན་ལ་འགྲོ་སྐབས། རྐང་འཁོར་རྒྱབ་མདུན་དུ་བོད་རང་དབང་ཞེས་པའི་འཕྲེད་དར་བཏགས་ཡོད་པ་དང་། བོད་ཀྱི་བདེན་དོན་ཞེས་པའི་དེབ་ཆུང་ཞིག་མི་མང་ལ་བཀྲམ་ཡོད་འདུག དེ་བཞིན། ཁོང་གིས་མི་སྒེར་རེ་རེ་དང་མི་ཚོགས་བཅས་ལ་བོད་དོན་སྐོར་གྱི་གོ་རྟོགས་སྤེལ་དང་སྤེལ་བཞིན་ཡོད་འདུག

ཁོང་གི་ཐེངས་བཞི་པའི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་འདི་ནི། རྒྱ་གར་བྱང་ཕྱོགས་ཀྱི་ཧི་མ་ཅལ་མངའ་སྡེ་རྡ་རམ་སར་ནས་རྒྱ་གར་མངའ་སྡེ་གྲངས་༡༢་གྱི་ནང་དུ་བོད་དོན་ཐོག་གོ་རྟོགས་དང་རྒྱ་དམར་གཞུང་གིས་བོད་བཙན་འཛུལ་བྱས་པའི་སྐོར་དང་། འཕགས་བོད་གཉིས་ཀྱི་ལོ་ངོ་སྟོང་ཕྲག་གི་འབྲེལ་ལམ་དེ་ཟབ་ཏུ་གཏོང་རྒྱུ། རྒྱ་གར་དང་བོད་ལ་ས་མཚམས་ཡོད་པ་ལས་རྒྱ་ནག་དང་རྒྱ་གར་གྱི་ས་མཚམས་མེད་པ་སོགས་ཀྱི་སྐོར་ལ་ཟླ་བཞིའི་ལྷག་ལ་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་འཆར་ཡོད་འདུག

སང་ཉིན། ཞོགས་པའི་ཆུ་ཚོད་༡༠་པའི་ཐོག་བཞུགས་སྒར་རྡ་སའི་གཙུག་ལག་ཁང་ནང་དུ། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། ཧི་མ་ཅལ་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་གཞོན་པ་སྐུ་ཞབས་ཀུལ་ཌི(Kuldip Chand Agnihotri)་ལགས། འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇི་སིན(Ajay Singh Mankotia)་ལགས་སོགས་ཕེབས་ནས་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེ་འགོ་འཛུགས་གནང་རྒྱུ་ཡིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།