18
Thu, Apr

༢༠༡༩་ལོའི་ཟླ་༡༠་ཚེས་༡༥་ཉིན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་ཐུག་འཕྲད་གནང་སྐབས། པར། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༠་ཚེས་༡༦་ཉིན་སྤེལ། ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཡུ་རོབ་ཅེག་སྤྱི་མཐུན་རྒྱལ་ཁབ་རྒྱལ་ས་པྲཱག་ནང་དུ་ཕེབས་ནས་བོད་ནང་ཛ་དྲག་གི་གནས་སྟངས་ཐོག་གསུང་བཤད་རིམ་པ་གནང་རྗེས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམ་པས་རྒྱ་གཞུང་ལ་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ནི་བོད་མིའི་ངོ་ཚབ་ཡིན་པར་ངོས་འཛིན་ཞུ་དགོས་པ་དང་། ༸གོང་ས་མཆོག་དང་འབྲེལ་མོལ་ཞུ་དགོས་པ། དེ་བཞིན། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དགོས་པའི་ཛ་དྲག་རེ་འདུན་བཏོན་འདུག

དེ་ཡང་། ཟླ་འདིའི་ཚེས་༡༣་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཡུ་རོབ་ཅེག་སྤྱི་མཐུན་རྒྱལ་ཁབ་རྒྱལ་ས་པྲཱག་ནང་དུ་ཞི་བདེའི་ལྷན་ཚོགས་ཐེངས་༢༣་(Forum 2000)ཐོག་ཕེབས་ཡོད་པ་དང་། ཞི་བདེའི་ལྷན་ཚོགས་སྐབས་སྐུ་མགྲོན་མི་གྲངས་ ༣༠༠ ཕེབས་ཡོད་ཅིང་། གྲོང་ཁྱེར་པྲཱག་གི་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ཛ་ཌི་ནེ་(Mr Zdenek Hrib)མཆོག་དང་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཏ་ཝ་ཀལ་ཀར་མན་ཊ་ཝ་ཀོ(Tawakkol Karman) མཆོག ཐེ་ཝན་ཕྱི་སྲིད་བློན་ཆེན་གཞོན་པ་སུ་ཛུ་ཆིན(Dr Szu-chien Hsu) སོགས་ཀྱང་ཕེབས་འདུག དེའི་སྐབས། སྲིད་སྐྱོང་མཆོག་གིས་འགྲོ་བ་མིའི་ཀུན་ཁྱབ་འགན་ཁུར་ཐོག་གསུང་བཤད་གནང་འདུག དེའི་རྗེས། ཀོ་རོ་ཤི་ཡའི་ཕྱི་སྲིད་བློན་ཆེན་མཆོག་དང་། རྒྱལ་མཚམས་མེད་པའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་ཚོགས་གཙོ་མཆོག་སོགས་དང་འགྲོ་བ་མིའི་མཐར་ཐུག་ལས་འགན་སྐོར་བགྲོ་གླེང་ཞིག་ཀྱང་གནང་འདུག

ཟླ་ ༡༠ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཞི་བདེའི་ལྷན་ཚོགས་ཐེངས་༢༣ (Forum 2000) བགྲོ་གླེང་ལས་རིམ་ཐོག སྲིད་སྐྱོང་མཆོག་གིས་དེང་དུས་ཤེས་ཡོན་ལམ་ལུགས་ནང་དུ་བཟང་སྤྱོད་ཀྱི་སློབ་གསོ་དགོས་སྐོར་གསུངས་འདུག བཟང་སྤྱོད་གཞི་རྩར་གྱུར་བའི་དེང་དུས་ཤེས་ཡོན་གྱི་སློབ་གསོ་སྤེལ་ཐུབ་པ་བྱུང་ན་དེང་སྐབས་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་ཐུབ་སྐོར་དང་། ལྷག་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་བཞེད་ལྟར་རིས་མེད་ཀྱི་བཟང་སྤྱོད་གཞི་རྩར་བཟུང་བའི་དེང་དུས་ཤེས་ཡོན་གྱི་ལམ་ལུགས་(SEE learning) དར་འཕེལ་གཏོང་ཐབས་མཛད་བཞིན་པའི་རླབས་ཆེན་གྱི་མཛད་ཁུར་སྐོར་གསུངས་འདུག

ཕྱོགས་མཚུངས་དེང་སྐབས་འཛམ་གླིང་ནང་མང་གཙོའི་ལམ་ལུགས་ཀྱི་ཤུགས་རྐྱེན་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས་འདིར་སྲིད་འཛིན་ཞིང་གཤེགས་སྐུ་ཞབས་ཝ་སི་ལབ་ཧ་ཝེལ་ (Vaclav Havel) མཆོག་གིས་བཟང་སྤྱོད་ཀྱི་འགན་ཁུར་བཞེས་ཕྱོགས་ཀྱི་ཤུགས་རྐྱེན་དེ་ཆབ་སྲིད་ནང་སླེབས་སྐོར་སོགས་གསུངས། སྐབས་དེར་སྲིད་སྐྱོང་མཆོག་གིས་དེང་སྐབས་ཆབ་སྲིད་འགོ་ཁྲིད་ཁག་གཅིག་ཆབ་སྲིད་ཀྱི་ལས་དོན་རང་ལ་རིག་གཅིག་རྐང་འཛིན་ལྟ་བུའི་འདུ་ཤེས་འཛིན་ནས་དབང་ཆར་རྔམ་སེམས་སྐྱེ་བཞིན་པར་བརྟེན། མི་མང་གིས་རང་ཉིད་ལ་དཀྲི་བའི་ལས་འགན་རྣམས་རིམ་བཞིན་བརྗེད་ནས་དབང་ཆའི་འཐབ་རྩོད་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་སྟབས། དུས་བཀག་རྒྱས་བཅད་ཐོག་ནས་འགོ་ཁྲིད་ཀྱི་ལས་འགན་ལ་ཚོད་འཛིན་གནང་དགོས་པའི་བསམ་ཚུལ་གསུངས་འདུག

བགྲོ་གླེང་གི་མཐའ་མར་དེང་དུས་ཤེས་ཡོན་ལམ་ལུགས་དེ་བཟང་སྤྱོད་གཞི་རྩར་བཟུང་བ་ཞིག་དགོས་གལ་དང་། ང་ཚོ་དང་ཁོ་པ་ཚོ་ཞེས་ཕྱོགས་ཕན་ཚུན་རང་རྒྱལ་གཞན་ཕམ་གྱི་བསམ་བློ་གཏོང་སྟངས་དེ་རྗེས་ལུས་ཀྱི་བསམ་བློ་ཞིག་ཡིན་སྟབས་རང་དང་གཞན་དབར་བར་ཐག་དེ་ཇེ་ཉུང་དུ་བཏང་བ་བརྒྱུད་འཛམ་གླིང་ཞི་བདེ་ལྡན་པ་ཞིག་སྐྲུན་ཐུབ་ཐབས་སྐོར་གྱི་བཀའ་མོལ་གནང་འདུག

ཟླ་འདིའི་ཚེས་༡༥ ཉིན། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་ Jiří Oberfalzer མཆོག་གིས་གྲོས་ཚོགས་གོང་མའི་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་གཞུང་འབྲེལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག སྐབས་དེར་བོད་ནང་གི་བོད་མིའི་དཀའ་སྡུག་སྐོར་གླེང་སྐབས། སྲིད་སྐྱོང་མཆོག་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་སུན་གཙེར་དང་། དམ་བསྒྲགས། བོད་ཀྱི་ཆོས་དང་སྐད་ཡིག་ལ་དངོས་ཤུགས་བརྒྱུད་ནས་རྩིས་མེད་རྡོག་རོལ་དང་མཐོང་ཆུང་ཁྱད་གསོད་བྱས་དང་བྱེད་བཞིན་པར་བརྟེན། བོད་མི་རྣམས་རང་ཡུལ་དུ་གྲལ་རིམ་གཉིས་པའི་མི་སེར་གྱི་གནས་བབ་འོག་ཚུད་སྟབས། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༥༣ རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གི་དྲག་པོའི་དབང་སྒྱུར་བྱེད་བཞིན་པར་ཞི་རྒོལ་རྔམ་སྟོན་བྱས་སྐོར་སོགས་གསུངས་འདུག ལྷག་པར་རྒྱ་ནག་གཞུང་གིས་དེང་སྐབས་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་སོགས་ནང་དགོན་པ་གཏོར་བཤིག་དང་དགེ་འདུན་པ་དང་བཙུན་མ་རྣམས་དགོན་པ་ནས་ཕྱིར་འབུད་བཏང་བ་མ་ཟད། དགེ་བཙུན་དེ་དག་དགོན་པ་ནས་ཕྱིར་འབུད་བཏང་ཟིན་མཚམས་རྒྱལ་ཞེན་གྱི་སློབ་གསོ་ཟེར་བའི་ལས་འགུལ་སྣ་ཚོགས་འོག་བོད་མི་ཉམས་ཆུང་དེ་དག་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པའི་སྐོར་གསལ་འདོན་གནང་འདུག

ཕྱོགས་མཚུངས་བོད་ཀྱི་ཁོར་ཡུག་ཐོག་རྒྱ་ནག་གཞུང་གིས་བག་ཟོན་སྤུ་ཙམ་མེད་པ། དཔལ་འབྱོར་གྱི་ཁེ་སང་ཁོ་ནར་དམིགས་ནས་གཏོར་བཤིག་ཚབས་ཆེ་བཏང་དང་གཏོང་བཞིན་པ་དང་། བོད་མཐོ་སྒང་ནི་ཨེ་ཤི་ཡའི་ཆུའི་འབྱུང་ཁུངས་ལྟ་བུ་ཆགས་ཡོད། ཁུལ་དེའི་གཙང་པོ་ཆེ་ཁག་དྲུག་གི་འབྱུང་ཁུངས་བོད་མཐོ་སྒང་ཆགས་ཡོད་པར་བརྟེན། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མི་འབོར་ཐེར་འབུམ་ཙམ་གྱི་འཚོ་བའི་རྟེན་གཞིར་གྱུར་ཚུལ་གསུངས་འདུག ལྷག་པར་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ས་གནས་སོ་ནམ་འདེབས་ལས་བྱེད་སྟངས་ལ་མིས་ཤུགས་རྐྱེན་སྤྲད་རྐྱེན་བོད་ས་མཐོའི་གཏན་འཁྱགས་རིམ་དེ་དག་མྱུར་པོར་བཞུས་པ་དང་། མཁའ་རླུང་ནག་རྫས་ཀྱིས་སྦགས་པ་སོགས་ལ་བརྟེན་གོ་ལའི་གནམ་གཤིས་ལའང་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་སྐོར་གསུངས་འདུག

གྲོས་ཚོགས་འཐུས་མི་རྣམས་དང་སྲིད་སྐྱོང་དབར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་བཞིན་པའི་གནས་སྟངས་སྐོར་བཀའ་མོལ་བྱུང་འདུག སྐབས་དེར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་ཇི་རི(Jiří Oberfalzer) མཆོག་གིས་བོད་མི་ཚོས་བོད་རང་བཙན་མི་རྩོད་པར་དབུ་མའི་ལམ་གྱི་སྲིད་བྱུས་འོག རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དགོངས་དོན་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་རྩོད་བཞིན་པ་གསལ་འདོན་གནང་འདུག

དེ་ཡང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཆ་རྐྱེན་འོག་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་རང་གི་ཐུན་མིན་སྐད་དང་ཡི་གེ། ཆོས་དད་རང་དབང་སོགས་ཀྱི་ཐོབ་ཐང་ཡོད་པ་ཁ་གསལ་བཀོད་པ་དེ་དག་ཀྱང་སྐབས་དེར་བགྲོ་གླེང་ལྷུག་པོ་གནང་བ་དང་སྦྲགས། ཚོགས་བཅར་བ་གྲོས་ཚོགས་འཐུས་མི་རྣམ་པས་བོད་མིའི་མངོན་འདོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་འདུག ལྷག་པར་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྩ་ཁྲིམས་ལ་བརྩི་བཀུར་ཞུ་ཐོག བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ངེས་པར་སྤྲོད་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ནི་བོད་མིའི་ངོ་ཚབ་ཡིན་པར་ངོས་འཛིན་ཞུ་ཐོག བོད་རྒྱའི་གནད་དོན་གསལ་ཆེད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་མོལ་ཞུ་དགོས་པའི་རེ་འདུན་ཡང་བཏོན་འདུག གྲོས་ཚོགས་འཐུས་མི་རྣམ་པས་རྒྱ་ནག་གཞུང་གིས་འགན་ཁུར་ལྡན་པའི་ཐོག་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དགོས་པའི་ཛ་དྲག་རེ་འདུན་ཞིག་ཀྱང་བཏོན་འདུག

ལྷན་ཚོགས་ཀྱི་མཇུག་མཐར། སྲིད་སྐྱོང་མཆོག་གིས་གྲོས་ཚོགས་འཐུས་མི་རྣམ་པ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ལ་གཟིགས་སྐོར་གདན་ཞུས་ལྟར་སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་པས་མ་གྲོས་བསམ་པ་གཅིག་མཐུན་གྱིས་མོས་མཐུན་གནང་བ་བྱུང་འདུག མཇལ་འཕྲད་ལྷན་ཚོགས་སྐབས་གྲོས་ཚོགས་འཐུས་མི་སྐུ་ཞབས་པ་ཝེ(Pavel Fischer) མཆོག་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་པུ་རེ་(Přemysl Rabas) མཆོག་ཀྱང་ལྷན་ཞུགས་གནང་འདུག སྤྱིར་སྲིད་སྐྱོང་མཆོག་དེ་སྔ་གྲོང་ཁྱེར་པྲཱག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་སྐབས་གྲོང་སྡེ་སྤྱི་ཁྱབ་པས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་མ་ཟད། ཆེ་མཐོང་མཚོན་ཕྱིར་གྲོང་ཁྱེར་པྲཱག་གི་སྡེ་མིག་ཕུལ་ཡོད་འདུག

གསར་འགྱུར་ཡོང་ཁུངས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།