24
Thu, Oct

༢༠༡༩་ལོའི་ཟླ་༩་ཚེས་༢༥་ཉིན། བཀའ་ཤག་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསར་འགོད་གསལ་བསྒྲགས་སྤེལ་སྐབས།

བོད་དོན་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༩་ཚེས་༢༥་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་ཚོགས་ཁང་དུ། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཨ་རིར་རྟེན་གཞི་བྱས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོང་བ་ཚོས་ཁྲིམས་འཆར་དེ་གལ་ཆེན་པོ་བརྩིས་ནས་ཞུ་གཏུག་གནང་རོགས། གོ་སྐབས་ཡོད་པའི་སྐབས་སུ་གོ་སྐབས་དེ་བཟུང་ཐུབ་པ་ཡིན་ན། ཁྲིམས་འཆར་དེ་ཁྲིམས་ཆགས་རྒྱུའི་རེ་བ་ཡོད་རེད། ཅེས་གསུངས་སོང་།

དེ་ཡང་། གོང་ཚེས་ཉིན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་གཉིས་ཀྱིས། ད་ལྟར་ཨ་རིའི་གྲོས་ཚོགས་སུ་འགྲོ་བཞིན་པའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ཀྱི་ཁྲིམས་འཆར་ཐོག་ངོ་སྤྲོད་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

ཐོག་མ་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་དགོས་དོན་སྐོར་གསུངས་རྗེས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་དོན། ད་ཐེངས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༡༩ (Tibet Policy and Support Act) ཞེས་པ་གཏན་འབེབས་དགོས་པའི་ཁྲིམས་འཆར་ཞིག ཨ་རིའི་གྲོས་ཚོགས་ནང་བཏོན་བཞིན་པ་རེད། དེར་ངས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་འབྲེལ་ཡོད་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དམིགས་བསལ་ཨ་རིའི་གྲོས་ཚོགས་གོང་མའི་རྒྱ་ནག་ལས་དོན་ཚན་པའི་ཚོགས་གཙོ་དང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་སི་མེག་གྷོ་ཝན་(James McGovern) མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་སྤྱི་མཐུན་ཚོགས་པའི་སྐུ་ཞབས་མར་ཁོ་རུ་བྷིའོ་(Marco Rubio) མཆོག་རྣམ་གཉིས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་རྣམ་པས་འགན་ཁུར་གནང་བའི་ཐོག ད་ཐེངས་ཁྲིམས་འཆར་འདི་བཞིན་གཞུང་འབྲེལ་གྱི་ཁྲིམས་འཆར་ཆགས་ཡོང་གི་ཡོད་རེད། རྗེས་སུ་ཁྲིམས་ཆགས་ཐུབ་པའི་རེ་བ་ཆེན་པོ་ཡོད་ཅེས་དང་།

ཁྲིམས་འཆར་དེར་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་རྒྱབ་སྐྱོར་གནང་འདུག གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི(Nancy Pelosi)་མཆོག་ཡིན། ཉེ་ལམ་ངས་ལྕམ་སྐུ་མཆོག་དང་མཇལ་འཕྲད་སྐབས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༡༩ ཞེས་པའི་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་པ་ལྟར། ཁོང་མོས་སྐབས་དེར་ཞལ་བཞེས་གནང་བྱུང་། དེ་སྔོན་ཕྱི་ལོ་ ༢༠༠༢ ལོར་སྐབས་དེའི་ཁྲིམས་འཆར་ལའང་ལྕམ་སྐུ་མཆོག་ནས་རྒྱབ་སྐྱོར་གནང་ཡོད་ཅེས་འགྲེལ་བརྗོད་གནང་སོང་།

དེ་ནས་ཁོང་གིས་མུ་མཐུད་ནས་གསུང་དོན། ང་ཚོའི་ངོས་ནས་གྲོས་ཚོགས་འོག་མའི་ཚོགས་གཙོའི་རྒྱབ་སྐྱོར་གནང་བར་བརྟེན། ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབས་ཐུབ་རྒྱུའི་རེ་བ་ཆེན་པོ་བྱེད་བཞིན་ཡོད། གྲོས་ཚོགས་གོང་མའི་ནང་གྲོས་ཚོགས་འཐུས་མི་མང་པོ་ཞིག་ཡོད་སྟབས། དེའི་སྔོན་ང་ཝ་ཤིན་ཊོན་ཌི་སི་རུ་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས། གྲོས་ཚོགས་འཐུས་མི་དང་ཨ་རིའི་སྲིད་འཛིན་མཆོག་དང་ཐག་ཉེ་ཡོད་པའི་གྲོས་ཚོགས་འཐུས་མི་ལིན་སེ་གྷར་ཧམ(Lindsey Graham) ལགས་དང་ཊམ་ཀོ་ཊོན( Tom Cotton) ལགས་རྣམ་གཉིས་མཇལ་འཕྲད་ཀྱིས་ཁྲིམས་འཆར་དེར་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་པ་བཞིན་རྒྱབ་སྐྱོར་གནང་འདུག

དེ་བཞིན། གྲོས་ཚོགས་འཐུས་མི་ལྕམ་སྐུ་ཌིན་ནེ་ཧྥིན་ཊེན(Dianne Feinstein) ལགས་ཀྱང་མཇལ་འཕྲད་བྱུང་སོང་། ཕྱི་ལོ་ ༢༠༠༢ ལོར་ཐོག་མར་ཁྲིམས་འཆར་བཏོན་མཁན་ཡང་ཌིན་ནེ་ཧྥིན་ཊེན་ལགས་ཡིན་འདུག ད་ལན་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་འདུག དེ་བཞིན་གྲོས་ཚོགས་འཐུས་མི་ཨེ་ཌི་མར་ཁེ(Ed Markey)ལགས་ནས་ཀྱང་རྒྱབ་སྐྱོར་གནང་ཡོད། སྤྱིར་ཁྲིམས་འཆར་དེའི་ཐོག་སྤྱི་མཐུན་ཚོགས་པ་ནས་རྒྱབ་སྐྱོར་གནང་མཁན་འཐུས་མི་གྲངས་བཞི་དང་མང་གཙོ་ཚོགས་པ་ནས་འཐུས་མི་གྲངས་གཉིས་ཆགས་ཡོད། སླར་ཡང་ཁོང་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

དམིགས་བསལ་ཨ་རིར་རྟེན་གཞི་བྱས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོང་བ་ཡོངས་ནས་ཁྲིམས་འཆར་དེ་གལ་ཆེན་པོ་བརྩིས་ནས་ཞུ་གཏུགས་གནང་རོགས་ཞུ་ཡི་ཡོད། གལ་ཡིན་ཟེར་ན། ཁྲིམས་འཆར་དེ་འདྲ་འཁྱེར་ཡོང་སྐབས། སྐབས་དང་དུས་ལ་བསྟུན་ཐུབ་དགོས། གོ་སྐབས་ཡོད་པའི་སྐབས་སུ་གོ་སྐབས་དེ་བཟུང་ཐུབ་པ་ཡིན་ན། ཁྲིམས་འཆར་དེ་ཁྲིམས་ཆགས་རྒྱུའི་རེ་བ་ཡོད་རེད། སྐབས་དང་དུས་ཡལ་པ་ཡིན་ན། གོ་སྐབས་དེ་ཤོར་འགྲོ་ཡི་ཡོད། དེར་བརྟེན། ལོ་འདིའི་ཟླ་ ༩ ནས་ཟླ་༡༢ བར་ཟླ་བ་གསུམ་དེ་ཡག་ཤོས་བརྩི་ཡི་ཡོད་རེད། དེར་བརྟེན། གྲོས་ཚོགས་འཐུས་མི་དང་། བོད་མི། བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བོད་དོན་ཞུ་གཏུག་གང་མང་གནང་རོགས་ཞེས་འབོད་སྐུལ་ཞུས་སོང་།

༢༠༠༢་བོད་དོན་སྲིད་བྱུང་ཀྱི་ཐོག་ཁྲིམས་འཆར་གསར་པ་དེའི་ནང་དུ་གཙོ་བོ་གང་ཡོད་པའི་སྐོར་གསུང་དོན། བོད་དོན་རྒྱབ་སྐྱོར་ཁྲིམས་འཆར་གསར་པའི་ནང་དུ། བོད་ཀྱི་གནས་སྟངས་ཛ་དྲག་སྐོར་དང་། བོད་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་འཛུགས་དགོས་ཡོད་པ། བོད་ཐོག་དམིགས་བསལ་སྐུ་ཚབ་བསྐོ་དགོས་ཡོད་པ། བོད་ནང་དུ་རྒྱབ་སྐྱོར་རོགས་དངུལ་དང་འགྲོ་བ་མིའི་ཐོབ་ཐང་ཐོག་སོགས་ཡོད་ཅེས་དང་།

ལོ་ངོ་༡༧་ནང་དུ་གྱུར་བ་མང་པོ་བྱུང་ཡོད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྡུག་ཏུ་ཕྱིན་མེད་ན་ཡག་ཏུ་ཕྱིན་མེད། ཁོར་ཡུག་གི་གནས་སྟངས་འཛམ་གླིང་སྤྱི་ཡོངས་ལ་ཛ་དྲག་ཆགས་ཀྱི་ཡོད་དུས། བོད་ཀྱི་ཁོར་ཡུག་དེ་གལ་ཆེན་པོ་ག་ཚོད་ཡིན་མེད་དེའི་གསལ་པོ་བཀོད་ཡོད་རེད། དེ་བཞིན། ཆོས་དད་རང་དབང་དང་ཡང་སྲིད་ངོས་འཛིན་ཐོག་བཀོད་ཡོད་རེད། ༸གོང་ས་མཆོག་གིས་གནང་བའི་མང་གཙོ་ལ་ངོས་འཛིན་དང་། བོད་མིའི་སྒྲིག་འཛུགས་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་ངོས་ལེན་ཞུ་དགོས་པ་བཅས་ཡིན་ཞེས་གསུངས་སོང་། ཁྲིམས་འཆར་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ༢༠༡༤་ལོ་ནས་རྒྱ་གར་ནང་དུ་ཡོད་པའི་བོད་མི་རྣམས་ལ་རྒྱ་གར་གཞུང་གིས་སྲིད་བྱུས་ཤིག་ཡོད་རེད། དེ་བཞིན། ཨ་རི་ནས་བོད་མི་ཚོར་སྲིད་བྱུས་ཤིག་བྱུང་བ་ཡིན་ན། འཛམ་གླིང་ནང་གི་མང་གཙོ་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་ཀྱིས་བོད་དོན་དང་ཐད་ཀར་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་བརྡ་ལེན་སྤྲོད་ཀྱི་ཡོད་པ་མ་ཟད། ཁ་ཡོད་ལག་ཡོད་དང་ཕན་ཐོགས་ཡོད་པའི་ཁྲིམས་འཆར་ཞིག་ཆགས་ཀྱི་ཡོད་རེད་ཅེས་འགྲེལ་བརྗོད་གནང་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།