15
Sun, Dec

༢༠༡༩་ལོའི་ཟླ་༩་ཚེས་༡༦་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༢ པའི་ཐོག སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་བོད་དོན་ཞུ་གཏུག་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས་གཏམ་བཤད་སྐབས།

བོད་དོན་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༩་ཚེས་༡༦་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༢ པ་དེ། སུད་སིའི་གྲོང་ཁྱེར་ཇི་ནི་ཝ་ནང་འཚོགས་བཞིན་ཡོད་པ་དང་། སྐབས་དེར། བོད་པའི་སྐུ་ཚབ་ཀྱིས་བོད་ནང་དུ་ཆོས་དད་རང་དབང་གི་ཐོབ་ཐང་ལ་རྒྱ་གཞུང་གིས་རྡོག་རོལ་གཏོང་བཞིན་ཡོད་པར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ཐུགས་ཁུར་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག

དེ་ཡང་། གོང་ཚེས་ཉིན། སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་བོད་དོན་ཞུ་གཏུག་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས། གཞུང་འབྲེལ་མ་ཡིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། ཉེན་ཚབས་འགྱུར་བའི་མི་རྣམས་ལ་སྲུང་སྐྱོབ་ཚོགས་པ(Society for Threatened Peoples)ཞེས་པའི་འཐུས་མི་བྱས་ནས་གཏམ་བཤད་བྱས་ཡོད་པ་དང་། རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་གི་ཐོབ་ཐང་ལ་རྡོག་རོལ་བཏང་བ་དང་། དམིགས་བསལ་བོད་ཀྱི་ཆོས་ཕྱོགས་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་ཐོག་ལ་ཐེ་བྱུས་བྱེད་ཀྱི་ཡོད་པའི་སྐོར་ཁོ་མོས་འགྲེལ་བརྗོད་བྱས་འདུག

དེ་བཞིན། རྒྱ་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་ཐོག་ཐེ་བྱུས་བྱེད་པ་ནི་ཆབ་སྲིད་ཀྱི་དགོས་དོན་དབང་གིས་ཡིན་པ་དང་། དེ་ནི་ཧ་ཅང་གི་སེམས་ཚབས་བྱེད་དགོས་པ་ཆགས་ཡོད་ཅེས་དང། དེར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ནས་དེའི་ཐོག་ཐུགས་ཁུར་བྱེད་པའི་འབོད་སྐུལ་ཞུས་འདུག

གཞན་ཡང་། ཁོ་མོས་ཉེ་ཆར་བོད་ནང་དུ་གཞུང་ནས་རྒན་ཡོལ་ཞུས་ཚར་བའི་བོད་མི་བགྲེས་པོ་ཚོ་མཆོད་རྟེན་སོགས་ལ་སྐོར་བ་འགྲོ་བར་བཀག་འགོག་བྱེད་བཞིན་པ་དང་། དེ་བཞིན། བོད་པའི་སློབ་ཕྲུག་ཚོ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་འཛུལ་ཞུགས་བྱེད་ཆོག་གི་མེད་པར་སེམས་ཁུར་བྱེད་དགོས་པ་ཞིག་ཆགས་ཡོད་པར་འགྲེལ་བརྗོད་བྱས་འདུག

དེའི་རྗེས། རྒྱ་གཞུང་གི་བཙོན་ཁང་ནང་དུ་ཡོད་པའི་བོད་ཀྱི་སྐད་ཡིག་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནས་སྟངས་དང་། ཁོའི་ཁྲིམས་རྩོད་པ་ཁོ་ལ་ཐུག་བཅུག་གི་མེད་སྐོར་ཡང་འགྲེལ་བརྗོད་བྱས་འདུག

མཐའ་མ་དེར། ཁོ་མོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་གཞུང་ལ་དབུ་མའི་ལམ་གྱི་སྲིད་བྱུས་གཞི་བཞག་ཐོག་༸གོང་ས་མཆོག་གི་སྐུ་ཚབ་དང་མཉམ་དུ་བསྐྱར་དུ་གྲོས་མོལ་ཡོང་རྒྱུར་སྐུལ་མ་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།