25
Thu, Apr

རྒྱ་གར་གྱི་གནམ་ཐང་འགྲུལ་པ་བརྟག་དཔྱད་བྱེད་བཞིན་པ།

གསར་འགྱུར་གཞན།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༢་ཚེས་༡༡་ཉིན་སྤེལ། རྒྱ་ནག་ཏུ་ཏོག་དབྱིབས་ནད་དུག་གི་རྐྱེན་པས་ད་སྔ་མི་གྲངས་༡༠༠༠་ལྷག་འདས་གྲོངས་ཕྱིན་ཡོད་པ་དང་། མི་ཁྲི་བཞི་ལྷག་ལ་ནད་དུག་དེ་ཕོགས་ཡོད་འདུག རྒྱ་གར་གྱིས་རྒྱ་ནག་ལ་གནས་སྐབས་རིང་མཐོང་མཆན་སྤྲོད་རྒྱུ་མཚམས་འཇོག་མ་བྱས་གོང་། ཧི་མ་ཅལ་མངའ་སྡེ་ནང་རྒྱ་ནག་དང་ནད་དུག་ཁྱབ་ཚར་བའི་རྒྱལ་ཁབ་ཁག་ནས་མི་གྲངས་༡༤༥་སླེབས་ཡོད་འདུག

དེ་ཡང་། རྒྱ་གར་གྱི་གསར་ཤོག་ཧིན་རྡུ་གསར་ཁང་གིས་གནས་ཚུལ་སྤེལ་བར་ལྟར་ན། ཟླ་འདིའི་ཚེས་༤་ཉིན། རྒྱ་གར་གཞུང་གིས་རྒྱ་ནག་ནས་ཡིན་པའི་རྒྱ་མི་དང་དེར་ཡོད་པའི་ཕྱི་རྒྱལ་བ་ལ་གནས་སྐབས་རིང་མཐོང་མཆན་སྤྲོད་རྒྱུ་མཚམས་འཇོག་བྱས་ཡོད་པ་དང་། སྔོན་ལ་ཡོད་པའི་མཐོང་མཆན་ཡང་རྩིས་མེད་བཏང་འདུག དེ་བཞིན། ཧི་མ་ཅལ་མངའ་སྡེའི་སིམ་ལ་སྲིད་གཞུང་གིས་རྒྱ་ནག་ནས་སླེབས་པའི་མི་ལ་ལྟ་རྟོག་ནན་པོ་བྱེད་བཞིན་ཡོད་འདུག

རྒྱ་གར་གཞུང་གིས་རྒྱ་མིར་མཐོང་མཆན་བཀག་སྡོམ་སྤྲོད་རྒྱུ་བཀག་སྡོམ་མ་བྱས་གོང་། ཉེ་ཆར་རྒྱ་ནག་དང་ཏོག་དབྱིབས་ནད་དུག་ཕོགས་ཡོད་པའི་རྒྱལ་ཁབ་ནས་མི་གྲངས་༡༤༥་ཧི་མ་ཅལ་མངའ་སྡེ་ནང་སླེབས་ཡོད་པ་དང་། ཁོ་ཚོ་ཟླ་གཅིག་གི་རིང་གཞུང་དང་སྨན་ཁང་གིས་ལྟ་རྟོག་འོག་ཏུ་བཞག་ཡོད་འདུག མི་མང་ལ་གལ་སྲིད་ཉེ་ཆར་རྒྱ་ནག་ནས་སླེབས་པ་དང་། ཏོག་དབྱིབས་ནད་དུག་ཕོགས་མཁན་གྱི་དོགས་ཡོད་མི་སྣའི་རིགས་བྱུང་ན་ངེས་པར་ཁ་པར་ཨང་གྲངས་༡༠༤་ཐོག་འབྲེལ་བ་བྱེད་དགོས་ཀྱི་ཡོད་འདུག

གཞན་རྒྱ་ནག་ནས་ཡོང་བའི་རྒྱ་མི་༣༢་དང་ཏོག་དབྱིངས་ནད་དུག་ཁྱབ་ཚར་བའི་ཨ་ཤེ་ཡའི་རྒྱལ་ཁབ་ཁག་ནས་ཡོང་བའི་མི་དེ་དག་སིམ་ལ་རྫོང་ཁུངས་སུ་ཡོད་པ་དང་། རྒྱ་མི་དང་ཕྱི་རྒྱལ་བ། དེ་བཞིན་ཉེ་ཆར་རྒྱ་ནག་ཏུ་ཕྱིན་པའི་ལོ་རྒྱུས་ཡོད་པའི་མི་གྲངས་༢༠་ཀཱན་གྷི་ར(Kangra)་ནང་དུ་སླེབས་ཡོད་འདུག ཁོ་ཚོ་རང་ཁྱིམ་དུ་བསྡད་བཅུག་ཡོད་པ་དང་། སྨན་ཁང་དང་གཞུང་གིས་ལྟ་རྟོག་འོག་ཏུ་ཡོད་པར་འགྲེལ་བརྗོད་བྱས་འདུག

རྒྱ་གར་ནང་ད་ལྟར་ནད་དུག་དེ་ཕོགས་མཁན་གསུམ་བྱུང་ཡོད། དེ་དག་ནི་རྒྱ་ནག་ཝུ་ཧན་ནས་ཡོང་བའི་རྒྱ་གར་གྱི་སློབ་མ་ཡིན་པ་དང་། ད་ལྟར་རྒྱ་གར་ལྷོ་ཕྱོགས་ཀེ་རི་ལ་ནང་དུ་ཡོད་འདུག ཝུ་ཧན་གྱི་ཏོག་དབྱིབས་ནད་དུག་དེ་འགོག་ཆེད། རྒྱ་གར་གཞུང་དང་ས་གནས་གཞུང་གིས་སྔོན་འགོག་གང་ཐུབ་གནང་གི་ཡོད་འདུག རྒྱ་གར་ནང་ཡོང་མཁན་གྱི་ཕྱི་རྒྱལ་བ་ཚོས་ངེས་པ་དུ་ཉེ་ཆར་རྒྱ་ནག་ནང་དུ་ཕྱིན་ཡོད་མེད་ཀྱི་ལོ་རྒྱུས་དང་འཕྲོད་བསྟེན་བཅས་དང་འབྲེལ་བའི་གནས་ཚུལ་ཀྱི་འགེང་ཤོག་ཅིག་སྐོང་དགོས་ཀྱི་ཡོད་འདུག དེ་བཞིན། བཞུགས་སྒར་རྡ་སར་ཏོག་དབྱིངས་ནད་དུག་གི་གནས་ཚུལ་དང་དོགས་འདྲི་བྱེད་ས་ཡང་བཙུགས་ཡོད་འདུག

གཞན་ཡང་། རྡ་སའི་བོད་ཀྱི་སྨན་རྩིས་ཁང་གིས། ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཆེད། སྔགས་འབུམ་རྡོ་རྗེ་གོ་ཁྲབ་དང་། དྲག་པོ་སུམ་སྒྲིལ། ལྷ་མོ་ལོ་གྱོན་མ། སངས་རྒྱས་སྨན་བླ་དང་། རྗེ་བཙུན་འཕགས་མ་སྒྲོལ་མའི་གཟུངས་སྔགས་བཅས་གང་མང་བཟླས་བརྗོད་གནང་དགོས་པ་དང་། དེ་ནས་ཕག་རྒོད་ཀྱི་འཁོར་ལོ། ནག་པོ་དགུ་སྦྱོར། ནད་འགོག་བདུད་རྩི་ཐིགས་པ། སྐག་ཟློག་འཁོར་ལོ་སོགས་ཀྱི་སྲུང་འཁོར་རྣམས་ལུས་ལ་བཏགས་དགོས་པ། རིན་ཆེན་མང་སྦྱོར་དང་། ཁྱུང་ལྔ། རྟ་བཟི་རིལ་བུ། ལོ་གྱོན་རིལ་བུ། མ་ཎི་རིལ་བུ་སོགས་གཏོང་དགོས། དེ་བཞིན་ཟས་སྤྱོད་བསྟེན་སྟངས་ནི་སྤྱོད་ལམ་དུ་རྒྱུན་དུ་བཟའ་བཏུང་ངོམས་པར་བསྟེན་དགོས་པ་དང་། ཡིད་མྱ་ངན་དང་། སེམས་ཞུམ་པར་གྱུར་བའི་ལས་དང་། ཁོང་ཁྲོ་བ་བཅས་བྱ་མི་རུང་། ཟས་སུ་ཕག་ཤ་དང་སྒོ་ང་། དེ་བཞིན་ཟས་རིགས་རྗེན་པ་དང་། རྙིང་པ་གྲང་མོ་མ་འཚོས་པ་ཧམ་རུལ་སོགས་དང་། དེ་སྔ་ཟ་མ་མྱོང་བའི་ཤ་རིགས་གང་བྱུང་དུ་བཟའ་མི་རུང་། ལྷག་པར་ནད་ཡམས་ཡོད་སར་འགྲོ་འདུག་བྱ་བ་སྤང་དགོས་ལ། ས་ཕྱོགས་དེ་ནས་འབྱུང་བའི་ཐོན་དངོས་དང་མི་ལ་འབྲེལ་གཏུག་བྱེད་སྐབས་དྭོགས་ཟོན་ངེས་པར་བྱེད་དགོས་ཤིང་རྒྱུན་དུ་ལག་པ་གཙང་མ་བཀྲུ་བའམ་དུག་སེལ་ངེས་པར་བྱ་དགོས་པའི་ལམ་སྟོན་གནང་འདུག

བོད་ནང་དུ་ད་སྔ་ཤེས་རྟོག་བྱུང་བ་ལྟར་ན། ནད་དུག་དེ་ཕོགས་མཁན་༣༩་བྱུང་ཡོད་པ་དང་། དེ་དག་ནི་བོད་ལྗོངས་ལ་གཅིག་དང་། དཀར་མཛེས་ཁུལ་སུམ་ཅུ། ཀན་ལྷོ་ལ་གསུམ། རྔ་བར་གཅིག མཚོ་བྱང་ལ་གསུམ་བཅས་ཡིན་འདུག མང་ཆེ་བ་ནི་རྒྱ་མི་ཡིན་པ་དང་བོད་པ་ཁག་ཅིག་ལ་ཕོགས་ཡོད་པར་བརྗོད་འདུག དཀར་མཛེས་ཁུལ་དུ་ནད་དུག་འགོག་སྲུང་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཡོང་ཆེད། གཞས་མ་ཨ་ལན་ཟླ་བ་སྒྲོལ་མས་རྒྱ་སྒོར་ཁྲི་བཅུ་ཞལ་འདེབས་གནང་ཡོད་པ་དང་། དེ་བཞིན་གཞས་མ་ཚེ་དབང་ལྷ་མོ་ལགས་ཀྱིས་རྒྱ་སྒོར་ཁྲི་བརྒྱད་ཀྱི་ཞལ་འདེབས་གནང་ཡོད་འདུག

བོད་པ་ཚོས་ནད་ཡམས་དེ་སྔོན་འགོག་གི་ཆེད་དུ་འདུ་འཛོམས་དང་། ཆོས་མཇལ། ལོ་གསར་གཏོང་བ་བཅས་ལ་མཚམས་འཇོག་བྱས་ཡོད་པ་དང་། དེ་བཞིན་གྲོང་སྡེ་ཁག་ལ་ཕན་ཚུན་བསྐྱོད་རྒྱུའི་ལམ་ཁ་བཀག་ཡོད་འདུག དགོན་པའི་གྲྭ་པ་གཙོས་པའི་མི་དང་བླངས་ཁག་ཅིག་གིས་མི་མང་ལ་ཁ་རས་འགྲེམས་སྤེལ་དང་། དྲ་ལམ་ཁག་ནས་སྔོན་འགོག་གི་ཐབས་ལམ་སོགས་བརྒྱུད་སྐུར་བྱེད་བཞིན་འདུག

ཏོག་དབྱིབས་ཅན་གྱི་གློ་ནད་ནད་ཡམས་དེ་ནི་ཆམ་ནད་དང་འདྲ་བ་ཡིན་འདུག དེའི་ནད་རྟགས་ནི་གློ་རྒྱག་པ་དང་། སྣ་ཆུ་འཛག་པ། ཚ་བ་འཕར་བ། མིད་པ་ཚ་བ་སོགས་ཡོང་གི་ཡོད་འདུག དེར་འགོག་ཐབས་ཁག་ནི། མི་མང་འདུ་འཛོམས་ཆེ་སར་མི་འགྲོ་བ། ཕྱིར་འགྲོ་སྐབས་ཁ་རས་རྒྱོབ་པ། ལག་པ་རྒྱུན་དུ་ལེགས་པོ་འཁྲུ་བ། བཅུད་ལྡན་གྱི་ཟས་ཟོས་ནས་ནད་འགོག་གི་མ་ལག་ཤུགས་ཆེ་རུ་གཏོང་བ། ཉེ་ཆར་རྒྱ་ནག་ནས་ཡོང་བའི་རྒྱ་རིགས་ཚོ་དང་ཐག་ཉེ་འབྲེལ་བ་མི་བྱེད་པ། ཆམ་ནད་རིགས་ཀྱི་ནད་རྟགས་ཐོན་རྗེས་སྨན་ཁང་དུ་བརྟག་དཔྱད་བྱེད་དགོས་པ་བཅས་ཡིན་འདུག