10
Mon, Aug

འབག་བཙོག་ལྡན་པའི་གྲོང་འཁྱེར།

གསར་འགྱུར་གཞན།
Typography

༢༠༡༩་ལོའི་ཟླ་༡༢་ཚེས་༢༥་ཉིན་སྤེལ། གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ནི་འཛམ་གླིང་གི་གླིང་ཕྲན་གཞན་ལས་ཨེ་ཤ་ཡ་ལ་གནོན་ཤུགས་ཆེ་བ་ཡོང་བཞིན་ཡོད་པ་དང་། ཆུ་ལོག་དང་རླུང་འཚུབ་དྲག་པོ། ས་རུད། གནམ་གཤིས་ཚ་དྲོད་ཆེ་དྲག་པ་བཅས་རྐྱེན་གྱིས་ཨེ་ཤ་ཡའི་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང་ཁྲི་ཕྲག་མང་པོ་གནས་སྤོ་བྱས་དགོས་བྱུང་འདུག

དེ་ཡང་། རྒྱལ་སྤྱིའི་གསར་ཁང་སིད་ཨན་ཨན་ནས་སྤེལ་བའི་གནས་ཚུལ་ལྟར་ན། ༢༠༡༩་ལོར་ཨེ་ཤ་ཡའི་ནང་དུ་རང་བྱུང་གི་རྐྱེན་ངན་གོད་ཆག་ཤུགས་ཆེ་ཤོས་བྱུང་ཡོད་འདུག དེ་དག་ནི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ནང་དུ་དུག་རྫས་ཅན་གྱི་དུ་ཞགས་དང་། ཆུ་ལོག རླུང་འཚུབ་དྲག་པོ། ས་རུད། ཐན་པ། ཚ་དྲོད་དྲག་པོ་བྱུང་ནས་མི་ཁྲི་ཕྲག་ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་། གནམ་གཤིས་འགྱུར་ལྡོག་གི་ཛ་དྲག་གི་གནས་སྟངས་ནི་མ་འོངས་ཡོང་རྒྱུ་དེ་མིན་པ་ད་ལྟར་ནས་འབྱུང་བཞིན་ཡོད་པར་གསལ་འདུག

གནམ་གཤིས་འགྱུར་ལྡོག་གི་ཐོག ཚན་རིག་པས་བརྗོད་དོན་ལྟར་ན། གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་ཨེ་ཤ་ཡ་དང་ཞི་བདེའི་རྒྱ་མཚོ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པ་དང་། ལོ་ངོ་གཉིས་ཀྱི་ནང་དུ་བྱུང་བའི་གནམ་གཤིས་འགྱུར་ལྡོག་དང་རང་བྱུང་གི་གོད་ཆག་ལ་ལྟར་ན། སྔོན་གྱི་ཚོད་དཔག་བྱས་པ་ལས་གནམ་གཤིས་འགྱུར་ལྡོག་གི་ཛ་དྲག་གི་གནས་སྟངས་མྱུར་བ་སླེབས་ཡོད་པར་བརྗོད་འདུག

གནམ་གཤིས་འགྱུར་ལྡོག་འབྱུང་རྐྱེན་གཙོ་བོ་ནི། ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ནང་དུ་བཟོ་གྲྭ་མང་པོ་བཙུགས་ནས་དབྱང་གཉིས་སོལ་འགྱུར་མང་རུ་སོང་བ་དང་། དམིགས་བསལ་འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་དང་གྲོང་འཁྱེར་ཁག་གི་དྲོ་གྲང་སྙོམས་སྒྲིག་འཕྲུལ་ཆས། རླུང་འཁོར་དང་གད་སྙིགས་བཅས་ཀྱིས་བཙོག་རླུང་བཅས་ཡིན་འདུག གལ་སྲིད། གནམ་གཤིས་འགྱུར་གྱི་ཐོག་ད་ལྟར་ལག་ལེན་མ་བསྟར་ན། གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་རྒྱུ་ཡིན་པ་དང་། མིའི་ཚ་སྲོག་ལ་གནོན་སྐྱོན་ཕོག་རྒྱུ་ཡིན་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་སྡེ་ཚན་གྱིས་གནམ་གཤིས་འགྱུར་ལྡོག་ནི། ང་ཚོས་སྔོན་ལ་ཚོད་དཔག་བྱས་པ་ལས་འགྱུར་བ་མང་བ་ཕྱིན་ཡོད་པར་ར་སྤྲོད་བྱས་འདུག དེ་བཞིན། ཞི་བདེ་རྒྱ་མཚོའི་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་ཀོ་པེར་ཧ་ལོ་ཡིས་རྒྱ་མཚོའི་འཕེལ་ཁ་ཡི་ཚད་མཐོ་རུ་འགྲོ་བཞིན་ཡོད་པ་དང་། རྒྱ་མཚོའི་འཕེལ་ཁ་ཡི་ཚད་ནི་ལོ་ངོ་ཉི་ཤུ་རྗེས་ལ་སླེབས་པའི་ཚད་དེ་ད་ལྟར་ནས་ཚད་དེར་སླེབས་འདུག་ཅེས་བརྗོད་འདུག

གནམ་གཤིས་འགྱུར་ལྡོག་རྐྱེན་པས་ཚ་དྲོད་འཕེལ་བ་དང་། གངས་བཞུར་བ་དང་འཁྱམས་རོམ་བཞུར་བ་བཅས་ཀྱི་རྒྱ་མཚོའི་འཕེལ་ཁ་ཡི་ཚད་མཐོ་རུ་འགྲོ་བཞིན་ཡོད་པ་དང་། གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་ཐོག་ད་དུང་དོ་སྣང་དང་ལག་ལེན་མ་བྱས་ན། རྒྱ་མཚོའི་འཕེལ་ཁ་ཡི་ཚད་མི་ཊར་གཉིས་མཐོ་རུ་ཕྱིན་པ་ཡིན་ན། དེའི་རྐྱེན་གྱིས་རྒྱ་མཚོའི་མཐའ་འཁོར་ལ་ཡོད་པའི་མི་གྲངས་ས་ཡ་༡༨༧་ལྷག་གནས་སྤོ་བྱེད་དགོས་པར་ཆགས་ཡོད་འདུག དམིགས་བསལ། ཨེ་ཤ་ཡ་ལ་ཉེན་ཁ་ཆེ་བ་ཆགས་ཡོད་པ་དང་། གྲོང་འཁྱེར་ཧྲིང་ཧན་ལྟ་བུ་ཆུའི་ནང་དུ་ནུབས་པའི་ཉེན་ཁ་ཡོད་འདུག ༢༠༥༠་ལོར་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཝེད་ནམ་གྱི་ལྷོ་ཕྱོགས་ཀྱི་ས་ཆ་ཆ་ཤས་ཤིག་དང་། གྲོང་འཁྱེར་བྷན་ཀོ་ཆུའི་ནང་དུ་ནུབས་རྒྱུ་ཡིན་པར་བརྟག་དཔྱད་བརྒྱུད་ནས་བརྗོད་འདུག

༢༠༡༩་ལོར་ཨེ་ཤ་ཡའི་རྒྱལ་ཁབ་རྒྱ་གར་དང་། བལ་ཡུལ། པ་ཀི་སི་ཐན། བྷན་ལ་ཌེ་ཞི་བཅས་ལ་ཆུ་ལོག་དང་། ས་རུད་དབང་གིས་མི་གྲངས་བརྒྱ་ཕྲག་འགའ་ཡི་ཚེ་སྲོག་ཤོར་ཡོད་པ་དང་། རྒྱ་ནག་དང་། ཉི་ཧོང་། ཝེད་ནམ། རྒྱ་གར། བྷང་ག་ལ། ལྷོ་ཀོ་རི་ཡ། ཐེ་ལེན། སིང་གྷ་ལ། ཧྥི་ལི་ཕིན་བཅས་ལ་རླུང་འཚུབ་དྲག་པོ་བྱུང་ནས་མི་བཅུ་ཕྲག་ཁ་ཤས་ཀྱི་སྲོག་ཤོར་བ་དང་། མི་གྲངས་སྟོང་ཕྲག་མང་པོ་གནས་སྤོ་བྱས་དགོས་བྱུང་འདུག་པ་མ་ཟད། ཁོར་ཡུག་ལ་གཏོར་སྐྱོན་དང་དཔལ་འབྱོར་གྱོད་རྒུད་ཆེན་པོ་རེག་ཡོད་འདུག འཛམ་གླིང་ནང་དུ་༡༩༧༠་ལོ་ནས་༢༠༡༩་ལོའི་བར་དུ་དཔལ་འབྱོར་ལ་གྱོང་རྒུད་ཆེ་ཤོས་སྤྲོད་མཁན་ནི་རླུང་འཚུབ་དྲག་པོས་ཁོར་ཡུག་དང་ཁང་པ་སོགས་ལ་གཏོར་སྐྱོན་བཏང་བ་དེ་ཡིན་འདུག

གནམ་གཤིས་འགྱུར་ལྡོག་བརྟེན་ནས་ས་ཆ་ཁ་ཤས་ལ་ཆར་བ་མང་པོ་བཏང་བ་དང་། ས་ཆ་ཁ་ཤས་ལ་ཆར་དུས་ཀྱི་སྐབས་སུ་ཆར་བ་མ་བཏང་བའི་དབང་གིས་ཐན་པ་ཆགས་པ། ཆུ་དཀོན་པོ་ཆགས་པ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ཡོད་བཞིན་ཡོད་འདུག ཉེ་སྔོན་གྱི་ལོ་ལྔའི་ནང་དུ་གནམ་གཤིས་ཀྱི་ཚ་དྲོ་ཆེ་ཤོས་ཀྱི་ཟིན་ཐོ་ཡང་ཐོན་ཡོད་འདུག རྒྱ་གར་གྱི་ནང་དུ་མི་ས་ཡ་དྲུག་བརྒྱ་ལ་ཆུ་མ་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། ཧི་མ་ལའི་འཁྱམས་རོམ་བཞུ་བཞིན་ཡོད་པའི་རྐྱེན་གྱིས་མ་འོངས་པར་དཀའ་ངལ་དེ་ལས་མང་བ་འཕྲད་རྒྱུ་ཡིན་པར་བརྗོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།