24
Thu, Oct

༢༠༡༩་ལོའི་ཟླ་༩་པའི་ཚེས་༢༧་ཉིན། བཞུགས་སྒར་རྡ་སར་བོད་པའི་སློབ་ཕྲུག་ཚོས་གནམ་གཤིས་འགྱུར་ལྡོག་ཐོག་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སྐབས།

གསར་འགྱུར་གཞན།
Typography

༢༠༡༩་ལོའི་ཟླ་༩་པའི་ཚེས་༢༧་ཉིན། བཞུགས་སྒར་རྡ་སར་བོད་པའི་སློབ་ཕྲུག་ཚོས་གནམ་གཤིས་འགྱུར་ལྡོག་ཐོག་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བའི་ཐོག སའི་གོ་ལར་གནོད་འཚེ་བྱེད་པ་མཚམས་འཇོག་དགོས། འཛམ་གླིང་གི་སྣེ་གསུམ་པ་བཞུར་བཞིན་ཡོད། ངས་རང་གི་མ་འོངས་པའི་ཆེད་རྩོད་ཀྱི་ཡོད་ཅེས་བརྗོད་ནས་ཁྲོམ་སྐོར་གྱི་ལས་འགུལ་ཞིག་བྱས་སོང་།

དེ་ཡང་། གོང་ཚེས་ཉིན། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་རང་དབང་སློབ་ཕྲུག་ཚོགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། རྒྱ་གར་གྱི་ཚོགས་པ(jhtkaa)བཅས་ཀྱིས་གོ་སྒྲིག་བྱས་པའི་གནམ་གཤིས་འགྱུར་ལྡོག་གི་ངོ་རྒོལ་གྱི་ལས་འགུལ་དེ། རྡ་སའི་མར་ལོག་གྷན་ཇིའི་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་ནས་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་རླངས་འཁོར་འབབ་ཚུགས་བར་དུ། བོད་པའི་སློབ་ཕྲུག་གཙོས་དགེ་རྒན་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཚོགས་མི། དེ་བཞིན་རྒྱ་གར་བ་སོགས་མཉམ་ཞུགས་ཐོག་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་། ཁྲོམ་སྐོར་གྱི་སྐབས་སུ། སློབ་ཕྲུག་ཚོའི་ལག་ཏུ་སའི་གོ་ལར་གནོད་འཚེ་བྱེད་པར་མཚམས་འཇོག་དགོས། འཛམ་གླིང་གི་སྣེ་གསུམ་པ་བཞུར་བཞིན་ཡོད། འགྱིག་ཤོག་ནི་དགྲ་བོ་ཆེ་ཤོས་ཡིན། ངས་རང་གི་མ་འོངས་པའི་ཆེད་འཐབ་རྩོད་བྱེད་ཀྱི་ཡོད་ཅེས་པའི་ཤོག་པང་ཁྱེར་ཞོར། གནམ་གཤིས་འགྱུར་ལྡོག་ལ་དྲང་བདེན་དགོས་ཞེས་སོགས་སྐད་འབོད་བྱས་སོང་།

དེའི་རྗེས། གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་རླངས་འཁོར་འབབ་ཚུགས་ལ། རྡ་ཤོད་སློབ་གྲྭ་དང་དཔེ་སྟོན་སློབ་གྲྭ་གཉིས་ནས་སློབ་ཕྲུག་གྲངས་༩༠་དང་མི་མང་། ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་བརྒྱ་ལྷག་འཛོམས་པའི་ཐོག རྒྱ་གར་གྱི་ཚོགས་པ་ཇ་ཊ་(jhatkaa)་ཡི་ཚོགས་མི་ཇོ་སི་ན་ས་ར(Jyostna sara)་ཡིས། སྭི་ཌེན་གྱི་ཁོར་ཡུག་སྲུང་སྐྱོབ་པ་གྷར་ཊར་ཐུན་བྷེར་(Greta Thunberg)་གྱི་སྐོར་ངོ་སྤྲོད་བྱེད་དོན། གྷར་ཊར་ཐུན་བྷེར་ལོ་ན་༡༥་ཡིན་སྐབས། སྭི་ཌེན་གྱི་གྲོས་ཚོགས་ཀྱི་མདུན་དུ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་བའི་ཐོག་ལ་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་ཞུས་ནས་ངོ་རྒོལ་བྱས་ཡོད། དེའི་རྗེས། སློབ་ཕྲུག་མང་པོ་ཞིག་ཐུན་བྷེར་དང་མཉམ་དུ་སླེབས་ནས་གནམ་གཤིས་འགྱུར་ལྡོག་ཐོག་ངོ་རྒོལ་ལས་འགུལ་འདྲ་མིན་སྤེལ་ཡོད་པ་མ་ཟད། ལས་འགུལ་དེ་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་གཞོན་སྐྱེས་ཚོར་ཧ་ལས་པའི་སེམས་ཤུགས་ཐེབས་ཡོད། དེར་བརྟེན། ང་ཚོ་འདིར་སློབ་ཕྲུག་རྣམས་ཀྱིས་གནམ་གཤིས་འགྱུར་ལྡོག་ཐོག་ལས་འགུལ་སྤེལ་གྱི་ཡོད། ང་ཚོས་སློབ་ཕྲུག་འདི་ཚོར་རྒྱབ་སྐྱོར་བྱེད་དགོས་ཞེས་བརྗོད་སོང་།

དེ་ནས། སློབ་མ་ཁག་ཅིག་གིས་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་གྱི་ཐོག་སོ་སོའི་བསམ་ཚུལ་དང་མྱོང་ཚོར་བརྗོད་སོང་། རྡ་ཤོད་སློབ་གྲྭ་ནས་ཡིན་པའི་སློབ་མ་བསྟན་འཛིན་དཔལ་ལྷ་ལགས་ཀྱིས་བརྗོད་དོན། ང་ཚོའི་འཛམ་གླིང་འདི་བཞུར་བཞིན་ཡོད། འོན་ཀྱང། ང་ཚོ་ད་དུང་ཡང་དེའི་ཐོག་ལ་གང་ཡང་བྱེད་ཀྱི་མེད། ད་ལྟ་ནི་གནམ་གཤིས་འགྱུར་ལྡོག་གི་ཐོག་ཛ་དྲག་གི་དུས་ལ་སླེབས་ཡོད། ང་ཚོས་ཆབ་སྲིད་པ་དང་འགོ་ཁྲིད་ཚོའི་ལག་ནས་གནས་སྟངས་འདིའི་སྐོར་ཤེས་རྟོགས་བྱེད་པ་ལས། ང་ཚོས་རང་ངོས་གནམ་གཤིས་འགྱུར་ལྡོག་གི་ཐོག་ལས་འགུལ་རྩོམ་དགོས། ཁོ་ཚོ་ནི་དངུལ་ལོ་ཁ་ཤས་ཀྱི་ཆེད་དུ་ང་ཚོའི་འཛམ་གླིང་གཏོར་བཤིག་གཏོང་གི་ཡོད་ཅེས་བརྗོད་སོང་།

དེ་བཞིན། བོད་ནི་འཛམ་གླིང་ནང་གི་ཆུ་མཛོད་ཆེ་ཤོས་ཤིག་ཡིན། དེ་ནི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་རྒྱ་ནག་དང་རྒྱ་གར་གཉིས་ནང་དུ་རྒྱུགས་བཞིན་ཡོད། དེར་བརྟེན། བོད་ཀྱི་གཙང་ཆུ་ནི་ཨེ་ཤི་ཡའི་སྲོག་ཐག་ཡིན་ཞེས་བརྗོད་སོང་། ཁོ་མོས་མུ་མཐུད་ནས། ཁྱོད་ཚོས་ག་རེ་བྱས་ནས་དཀའ་ལས་དེ་འདྲ་བརྒྱབ་ནས་དངུལ་སྒོར་གསོག་གི་ཡོད་དམ། འཛམ་གླིང་འདིའི་ཐོག་ཟས་རིགས་དང་ཆུ་རྫོགས་ལ་ཉེ། དེའི་སྐབས་སུ། ཁྱོད་ཚོས་དངུལ་ལོ་དེ་ཚོས་ག་དུས་བེད་སྤྱོད་གཏོང་རྒྱུ་ཡིན་ནམ། ཉིན་ཞིག འཛམ་གླིང་འདིའི་ཐོག་གང་ཡང་མི་ལྷག་པའི་དུས་ཤིག་སླེབས་དུས། དེའི་སྐབས་སུ། ཁྱོད་ཚོས་གཞི་ནས་དངུལ་ལོ་དེ་ཚོ་ཟ་མི་ཐུབ་པར་རྟོགས་ངེས། ཞེས་བརྗོད་སོང་།

མཐའ་མ་དེར། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་ལས་འགུལ་དེའི་ངོ་སྤྲོད་དང་འབྲེལ་བའི་ཐོག་བརྗོད་དོན། རྒྱལ་སྤྱིའི་ཐོག་ཟླ་འདིའི་ཚེས་༢༠་ནས་༢༧་བར་ཁོར་ཡུག་གི་བདུན་ཕྲུག་ཅེས་སྲུང་བརྩི་ཞུ་བཞིན་ཡོད། དེ་རིང་འཛམ་གླིང་ཁོར་ཡུག་ཉིན་མོ་མཐའ་མར། བོད་པའི་སློབ་གྲྭ་རྡ་ཤོད་དང་དཔེ་སྟོན་སློབ་གྲྭ་ཁག་གཉིས་ཀྱི་སློབ་མ་གྲངས་༩༠་མཉམ་ཞུགས་གནང་ཡོད། སྤྱི་ང་ཚོ་ཚོགས་པ་ལྔ་ཡིས་གོ་སྒྲིག་ཞུས་ཡོད་རུང་། གཙོ་བོ་སློབ་ཕྲུག་ཚོས་འགན་བཞེས་པའི་ཐོག་ནས་ལས་འགུལ་འདི་བྱུང་བ་རེད། སློབ་ཕྲུག་དང་དགེ་རྒན་ཚང་མར་ཐུགས་རྗེ་ཆེ་ཞུ་བ་ཡིན། སྤྱིར་ཁོར་ཡུག་གི་གནས་སྟངས་ནི་ང་ཚོ་འདིར་འཛོམས་ནས་ཐག་གཅོད་ཐུབ་པ་ཞིག་མ་རེད། ང་ཚོས་རྒྱུན་དུ་ཁོར་ཡུག་ལ་སྲུང་སྐྱོབ་དགོས་པ་གལ་ཆེན་པོ་རེད། ལྷག་པར་དུ། བོད་ནང་དུ་ཁོར་ཡུག་ཉམས་རྒུད་འགྲོ་བཞིན་ཡོད་པའི་ཐོག་དྲིལ་བསྒྲགས་བྱེད་ཆེད་དུ་སློབ་ཕྲུག་ཚོས་རྩོམ་བྲིས་ཡོད་པ་དང་། དེ་བཞིན་སློབ་ཕྲུག་ཚོས་དེའི་ཐོག་དོ་སྣང་ཤུགས་ཆེན་བྱེད་རྒྱུ། མི་ཚང་མས་དེའི་ཐོག་དོ་སྣང་དང་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་སོང་།

རྒྱལ་སྤྱིའི་ཁོར་ཡུག་ལས་འགུལ་འདི་ཟླ་༩་པའི་ཚེས་༢༠་ནས་ཚེས་༢༧་བར་དུ། འཛམ་གླིང་ས་ཕྱོགས་གང་སར་ཁོར་ཡུག་བདུན་ཕྲག་ཉིན་མོ་ཞེས་ཁོར་ཡུག་དང་གནམ་གཤིས་ཀྱི་གལ་ཆེན་དང་ཛ་དྲག་གི་སྐོར་སློབ་ཕྲུག་གཙོ་པའི་གཞོན་སྐྱེས་དང་མི་མང་གིས་ལས་འགུལ་སྤེལ་ཡོད་པ་རེད།

བོད་ཀྱི་ལོ་རྒྱུས་ཡིག་ཆ།