19
Fri, Apr

རྒྱ་ནག་ལ་ཉེན་ཚབས་ཆེ་བའི་ཕག་ནད་ཅིག་ཁྱབ་ཡོད་འདུག

གསར་འགྱུར་གཞན།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༥པའི་ཚེས་༡༥ཉིན་སྤེལ། དེ་རིང་རྒྱལ་སྤྱིའི་གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཧོ་པེ་ཞིང་ཆེན་ནས་ན་ནིང་སྤྱི་ཟླ་བཅུ་གཉིས་ནས་བཟུང་སྟེ་ཡ་མཚར་བའི་ནད་དུག་ཅིག་གི་རྐྱེན་པས། ཕག་པ་མང་པོ་ཞིག་ཤི་མགོ་བརྩམས་ཡོད་ཅིང་། ད་ལྟའི་བར་དུ་ཕག་གསོ་ཁང་གཅིག་ནས་ཕག་པ་ཁྲི་གཉིས་ཤི་ཡོད་འདུག ཕག་ནད་ཀྱི་ནད་དུག་དེ་ནི་ཕག་ཤ་ནས་ཀྱང་ཟླ་ཤས་སུ་གནས་ཐུབ་ཀྱི་ཡོད་ཅིང་། དེར་བརྟེན་ནས་ནད་ཡམས་དེ་སྔར་ལས་ཀྱང་ལས་སླ་བོར་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད་འདུག རྒྱ་ནག་ནི་ཕག་ཤ་ཟ་མཁན་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཕག་ནད་དེའི་དབང་གིས་རྒྱ་ནག་གི་ཕག་གསོ་ཁང་མང་པོ་ཞིག་སྒོ་རྒྱག་དགོས་ཁེལ་གྱི་ཡོད་སྟབས། དཔལ་འབྱོར་གྱི་ཐད་ནས་ཀྱང་གྱོང་གུད་ཐེབས་ཀྱི་ཡོད་འདུག

དེ་ཡང་། རྒྱ་ནག་གི་ཧོ་པེ་ཞིང་ཆེན་གྱི་ཕག་གསོ་ཁང་ཞིག་གི་དོ་དམ་པས་བརྗོད་ན། ཐོག་མར་ཕག་པ་ཁ་ཤས་ལ་ནད་དུག་དེ་ཕོག་ཅིང་། དེ་ནས་རིམ་བཞིན་ནད་དུག་ཕོག་མཁན་གྱི་ཕག་པ་ཇེ་མང་དུ་གྱུར་སོང་། མཇུག་མཐར། ཉིན་གཅིག་ལ་ཕག་པ་བརྒྱད་བརྒྱ་ཤི་སོང་། ཞེས་བརྗོད་ཀྱི་འདུག

ད་ལྟའི་བར་དུ་ཕག་གསོ་ཁང་གཅིག་ནས་ཕག་པ་ཁྲི་གཉིས་ཤི་ཡོད་འདུག དེ་དག་གི་ཁྲོད་ནས་ཕག་པ་ཆིག་ཁྲི་ལྔ་སྟོང་ནི་ནད་དུག་གིས་རྐྱེན་པས་ཤི་ཡོད་པ་དང་། ཕག་པ་ལྔ་སྟོང་ནི་ཉེན་ཡོལ་གྱི་ཆེད་དུ་ཤི་ཡོད་འདུག

ཕག་ལ་ཕོག་པའི་ཡ་མཚར་བའི་ནད་དུག་དེ་ནི། ཨ་ཧྥི་རི་ཁའི་ཕག་པའི་ཚ་ནད(African swine fever)ཅིག་ཡིན་པ་དང་། དེའི་རྐྱེན་པས་འཛམ་གླིང་ནང་ཆེས་ཆེ་བའི་རྒྱ་ནག་གི་ཕག་གསོ་ཁང་གི་ཕག་རྣམས་ཁྱུ་དང་ཁྱུ་བྱས་ཏེ་ཤི་བཞིན་ཡོད་སྐོར་བརྗོད་ཅིང་། དེ་ཡང་ཕག་ཤི་བའི་གྲངས་ཚད་ནི་ཡུ་རོབ་དང་ཨ་རིའི་ནང་དུ་ཡོད་པའི་ཕག་གི་གྲངས་ཚད་དང་མཉམ་པའི་ཚོད་རྩིས་བྱེད་ཀྱི་འདུག ཕག་ལ་ཕོག་པའི་ནད་དུག་དེ་ནི་མི་ལ་སྐྱོན་མེད་པ་དང་། ད་སྔ་དེར་བཅོས་ཐབས་དང་སྔོན་འགོག་གི་བྱེད་ཐབས་རྙེད་ཀྱི་མི་འདུག ནད་དུག་དེ་ཐོག་མར་ཨ་ཧྤི་རི་ཁ་ནས་བྱུང་ཡོད་པ་དང་། དེ་ནས་རྒྱ་ནག་ལ་མ་ཁྱབ་པའི་སྔོན་དུ་ཡུ་རོབ་ཤར་མ་དང་ཨུ་རུ་སུ་ལ་ཁྱབ་ཡོད་པ་དང་། དེ་ནས་རིམ་གྱིས་ཝེ་ཐི་ནམ་དང་ཁམ་བྷོ་ཏེ་ཡ་ལྟ་བུའི་ཨ་ཤེ་ཡའི་རྒྱལ་ཁབ་ཁག་ཏུ་ཁྱབ་ཡོད་འདུག

འདི་ལོའི་སྤྱི་ཟླ་གསུམ་པའི་ནང་དུ། རྒྱ་གཞུང་གིས་ནད་ཡམས་དེ་ནི་སྟངས་འཛིན་བྱེད་བདེ་བོ་ཞིག་ཡིན་པ་དང་། སྔོན་མ་ལྟར་མགྱོགས་པོར་འགོས་ཁྱབ་ཏུ་འགྲོ་བ་མ་རེད་ཅེས་བརྗོད་འདུག་ལ། ཁོ་ཚོར་ཕག་ནད་འགོག་པའི་འཆར་གཞི་དང་། ནུས་པ་སོགས་ཡོད་སྐོར་ཡང་བརྗོད་ཀྱིན་འདུག ཡིན་ནའང་། ས་གནས་ཁག་ཏུ་ཕག་ནད་དེའི་ངོས་མ་ཟིན་པའི་དཀའ་ངལ་ཡང་འབྱུང་གི་ཡོད་པ་དང་། ས་གནས་ཀྱི་ལས་བྱེད་ཚོས་ཕག་ཤི་བའི་གྲངས་ཚད་དྲང་མོར་བཤད་པར་ཡང་སྐྲག་སྣང་བྱེད་ཀྱི་ཡོད་འདུག དེའི་རྒྱུ་མཚན་ནི་གནད་དོན་དེའི་རྐྱེན་པས་རང་གི་ལས་ཀ་ཤོར་འགྲོ་བར་དོགས་ཀྱི་འདུག གཞན་ཡང་། ཕག་ནད་དེ་ནི་རྙོག་འཛིང་ཆེ་བའི་ནད་དུག་ཅིག་ལ་བརྟེན་ནས་བྱུང་བར་བརྟེན། མི་ཚོས་ཕག་ནད་དེ་ནི་བཅོས་ཐབས་མེད་པ་ཞིག་རེད་ཅེས་ཀྱང་བརྗོད་ཀྱི་འདུག

ཕག་ནད་ཀྱི་ནད་དུག་དེ་ནི་ཕག་ཤ་ནས་ཀྱང་ཟླ་ཤས་སུ་གནས་ཐུབ་ཀྱི་ཡོད་ཅིང་། དེར་བརྟེན་ནས་ནད་ཡམས་དེ་སྔར་ལས་ཀྱང་ལས་སླ་བོར་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད་འདུག རྒྱ་ནག་ནི་ཕག་ཤ་ཟ་མཁན་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཕག་ནད་དེའི་དབང་གིས་རྒྱ་ནག་གི་ཕག་གསོ་ཁང་མང་པོ་ཞིག་སྒོ་རྒྱག་དགོས་ཁེལ་གྱི་ཡོད་སྟབས། དཔལ་འབྱོར་གྱི་ཐད་ནས་ཀྱང་གྱོང་གུད་ཐེབས་ཀྱི་ཡོད་འདུག