18
Thu, Apr

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་དུ་བོད་ཀྱི་ཚོང་ལས་སྡེ་ཚོགས་གསར་བ་(ThirdPol VentureLink Pvt. Ltd)ཞེས་པ་ཞིག་བཙུགས་ཡོད་པའི་སྐོར་ངོ་སྤྲོད་བྱེད་སྐབས། པར་བ་ཆོས་ཉིད།

གསར་འགྱུར་གཞན།
ཡིག་གཟུགས་སྒྲིག་ཆས།

༢༠༡༧།༡༢།༡༥ཉིན་སྤེལ། "མཉམ་རུབ་ཀྱི་ཚོང་ལས་བྱས་ན་སོ་སོའི་སྤྱི་ཚོགས་ནང་དུ་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས། དེར་བརྟེན་ནང་མིའི་འཕྲོད་བསྟེན། ཤེས་ཡོན། འཚོ་བ་ཡར་རྒྱས་སུ་འགྲོ་བའི་ནུས་པ་འདོན་ཐུབ་པ་མ་ཟད། རྒྱ་གར་གྱི་ཚོང་ལས་ཁྲོམ་རའི་ནང་དུ་འཛུལ་སྟེ་དཔལ་འབྱོར་སྡེ་ཚན་གྱི་ཆ་ཤས་ལེན་ཐུབ་པ་ཞིག་ཡོང་ན་ཕན་ཐོག་ཆེད་ཡིན།" ཐུབ་བསྟན་སྦྱིན་པ་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།

འདི་ག་གསར་འགོད་པས་ཚོགས་གཙོ་ཐུབ་བསྟན་སྦྱིན་པ་ལགས་སུ་ཚོང་ལས་སྡེ་ཚོགས་གསར་བའི་སྐོར་ལ་སྐད་དྲིས་དོན། "ང་ཚོའི་དམིགས་ཡུལ་གཙོ་བོ་ནི། ང་ཚོའི་སྤྱི་ཚོགས་ནང་དུ་ཚོང་པ་རབ་རིམ་པ་མང་པོ་ཞིག་བྱུང་ཡོད་ཀྱང་། ང་ཚོའི་སྤྱི་ཚོགས་ཡིན་ན་རེད། རྒྱ་གར་གྱི་ཀྱི་ཁྲོམ་ར་ཡིན་ན་རེད། གཟེངས་སུ་ཐོན་སྟེ་ཁྲོམ་རའི་ཚོང་ལས་སུ་ཐོན་ཐུབ་མི་འདུག་པས་ན། ང་ཚོས་ཚོང་ལས་སྡེ་ཚོགས་འདི་བཙུགས་དགོས་འཁེལ་བ་རེད་ལ། གཞིས་ཆགས་སྲ་བརྟན། རང་ཁ་རང་གསོ། ཆིག་སྒྲིལ། བཀའ་ཤག་གི་རྩ་བའི་ལམ་སྟོན་གཅིག་པུར་བལྟས་ནས་མ་བསྡད་པར། རང་རང་སོ་སོའི་ངོས་ནས་ཚོང་ལས་དང་འབྲེལ་ཡོད་ཀྱིས་ལག་བསྟར་བྱེད་ཐུབ་པ་ཡིན་ན། གཞིས་ཆགས་ཡིན་ནའང་ཚོང་ལས་དང་འབྲེལ་བའི་གློག་གི་རིགས། ཞིག་གསོ་ཁང་སོགས་འཛུགས་པའི་འཆར་གཞི་གང་མང་ཞིག་སྒྲུབ་སྟེ་གཞི་ཆགས་ཀྱི་མི་མང་ལ་ལས་ཀ་རག་པའི་ཀུན་སློང་ཞིག་འཁུར་སྟེ་བཙུགས་པ་ཞིག་ཡིན།"ཞེས་དང་།

དེ་མིན་ཁོང་གིས་མུ་མཐུད་དུ་བརྗོད་པར། "ཚོང་ལས་ཀྱི་ཉམས་མྱོང་ཡོད་པའི་ང་ཚོ་མི་གསུམ་གྱིས་མཉམ་རུབ་བྱས་ཏེ་ལས་ཀ་བྱེད་དགོས་པ་གལ་ཆེན་ཡིན་པ་རྩ་དོན་དུ་བཟུང་སྟེ། མཉམ་རུབ་ཀྱི་ཚོང་ལས་བྱས་ན་སོ་སོའི་སྤྱི་ཚོགས་ནང་དུ་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས། དེར་བརྟེན་ནང་མིའི་འཕྲོད་བསྟེན། ཤེས་ཡོན། འཚོ་བ་ཡར་རྒྱས་སུ་འགྲོ་བའི་ནུས་པ་འདོན་ཐུབ་པ་མ་ཟད། རྒྱ་གར་གྱི་ཚོང་ལས་ཁྲོམ་རའི་ནང་དུ་འཛུལ་སྟེ་དཔལ་འབྱོར་སྡེ་ཚན་གྱི་ཆ་ཤས་ལེན་ཐུབ་པ་ཞིག་ཡོང་ན་ཕན་ཐོག་ཆེད་ཡིན།" ཞེས་དང་།

དེ་བཞིན་དུ། "ང་ཚོས་མཉམ་རུབ་ཀྱིས་ཚོང་ལས་བྱས་ན་མ་འོངས་པར་རྒྱལ་སྤྱིའི་སྡིངས་ཆར་སླེབས་ཐུབ་པའི་གདེང་ཚོད་ཆེན་པོ་ཡོད། རྒྱུ་མཚན་འདི་ལ་བརྟེན་ནས་བོད་ནང་གི་ཚོང་པ་དང་མཉམ་རུབ་བྱེད་པའི་སྡིངས་ཆ་ཞིག་བསྐྲུན་ཐུབ་ཀྱི་བསམ། དེ་མིན་ང་ཚོའི་ཚོང་ལས་སྡེ་ཚོགས་ཀྱི་མི་འདི་ནི་ད་སྔ་བོད་ཡིག་གི་མིང་ཚིག་གཏན་འཁེལ་ཆགས་མེད་མོད། ང་ཚོས་ཡིག་ཆ་ཚང་མ་བོད་ཡིག་ལ་བསྒྱུར་བཞིན་ཡོད། མིང་འདི་ནི་སྒྲ་བསྒྱུར་བྱེད་ཀྱི་ཡིན།" ཞེས་ཐུབ་བསྟན་སྦྱིན་པས་བརྗོད་སོང་།

གཞན་ཡང་། "གཙོ་བོ་ང་ཚོས་མཉམ་རུབ་བྱེད་དགོས་པ་དང་། མཉམ་རུབ་བྱེད་དུས་གཙོ་བོ་སོ་སོའི་རྒྱལ་ཁབ་དམིགས་སུ་འཛིན་པ། དེ་ནས་སྡིངས་ཆ་བསྐྲུན་དགོས་ཀྱི་འདུག ང་རང་འགན་འཛིན་ཡིན་པའི་ཆ་ནས་ཉེ་ལམ་ལས་ཁུངས་སྒོ་འབྱེད་བྱས་ནས་བཟུང་ད་ལྟ་བར་དུ། ལྷ་ཕྱོགས་གཞིས་ཆགས་ཁག་དང་བཀའ་ཤག སྤྱི་འཐུས། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚང་མར་བཅར་སྟེ་ང་ཚོས་སྡིངས་ཆ་འདི་འདྲ་ཞིག་བསྐྲུན་ཡོད་པ་ངོ་སྤྲོད་དང་བསམ་ཚུལ་བསྡུ་ལེན། རྒྱབ་སྐྱོར་གནང་དགོས་གལ་ཆེན་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད། ད་ལྟའི་དུས་སྐབས་སུ་རྒྱ་གར་གྱི་ཁྲིམས་དང་དཔལ་འབྱོར་གནས་སྟངས་ཀྱི་འགྲོ་སྟངས་ཡིན་ནའང་དུས་ཚོད་རན་པོ་ཞིག་ཆགས་འདུག ང་ཚོས་གོ་སྐབས་འདི་དང་བསྟུན་སྟེ་ལས་ཀ་བྱེད་ཐུབ་པ་ཡིན་ན། ང་ཚོའི་བོད་ཀྱི་ངོ་བོ་མཚོན་པའི་ཚོང་ལས་སྡེ་ཚོགས་འདི་ནི་འཛམ་གླིང་ཚོང་ལས་སྡེ་ཚོགས་སུ་སླེབས་ཐུབ་པའི་སྤོབ་པ་ཡོད།"ཅེས་ཐུབ་བསྟན་སྦྱིན་པས་འགྲེལ་བརྗོད་བྱས་སོང་།

ཡང་ཁོང་གིས་མུ་མཐུད་དུ་ཚོང་ལས་སྡེ་ཚོགས་གསར་བ་དེའི་ཚོགས་མིའི་སྐོར་ནས་བརྗོད་དོན། "ད་ལྟ་ང་ཚོའི་ཚོང་ལས་སྡེ་ཚོགས་ནང་དུ་སློབ་སྟོན་པ་དང་ཆ་ཚང་བསྡོམས་ཏེ་ཚོགས་མི་ ༡༢ ཡོད། ང་ཚོས་ཚོང་ལས་སྡེ་ཚོགས་ཀྱི་སྡེ་ཚན་དང་ཤོས་ནང་དུ་ཚོགས་མི་ ༣༠ འཛུལ་བའི་ས་མིག་ལ་འཆར་གཞི་གདིང་གི་ཡོད། ཚོགས་མི་རེས་ཧིན་སྒོར་འབུམ་ ༡༠ རེ་མ་རྐང་དུ་བཞག་སྟེ། ཧིན་སྒོར་འབུམ་ ༣༠༠ ཡིས་ལས་ཀ་བྱེད་པའི་རྨང་གདན་བཏིང་ནས་མ་འོངས་པར་འཆར་གཞི་ལག་བསྟར་བྱེད་སྟངས། མི་མང་གི་སྐྱོ་བོ་ཡན་ཆད་ནས་ཚོང་ལས་སྡེ་ཚོགས་ནང་དུ་མཉམ་ཞུགས་གནང་ཐུབ་པའི་འཆར་གཞི་ཡོད། དཔེར་ན། དངུལ་མང་པོ་ཅན་ཞིག་གིས་ང་དངུལ་ཚང་མ་མ་རྐང་དུ་འཇོག་གི་ཡིན་ལབ་ན། དེ་ཆོག་གི་མ་རེད། ཐོབ་ཐང་མི་མང་ཆ་ཚང་ལ་ཁྱབ་པ། ང་རང་ཚོས་ཀྱང་མཉམ་རུབ་བྱེད་དགོས་པའི་ལྟ་བའི་ལངས་ཕྱོགས་གཙོར་བཟུང་བྱེད་ཀྱི་ཡིན། "ཞེས་དང་།

ད་རུང་ཁོང་གིས་ད་ཐེངས་ཀྱི་བསྐོར་བསྐྱོད་བྱས་པའི་སྐོར་ལ་བརྗོད་པར། “ད་ལྟའི་སྐབས་སུ་བབས་པ་ནི་ང་ཚོའི་ཚོགས་པ་ངོ་སྤྲོད་རང་བྱེད་ཀྱི་ཡོད་མོད། ཁ་ཤས་ཀྱིས་མ་འོངས་པར་ང་ཚོས་ཏན་ཏན་མཉམ་རུབ་བྱེད་ཀྱི་ཡིན། འཆར་གཞི་ཧ་ཅང་གིས་ཡག་པོ་འདུག འཆར་གཞིའི་འགྲེལ་བཤད་ཆ་ཚང་གཏོང་རོགས་ཞེས་ལབ་མཁན་མང་པོ་བྱུང་སོང་། དེ་བས་མ་འོངས་པའི་སྐོར་བསྐྱོད་གཉིས་པའི་སྐབས་སུ། ལས་ཁུངས་ངོ་སྤྲོད་དང་མཉམ་དུ་འཆར་གཞིའི་འགྲེལ་བཤད། ཁྱེད་རང་གིས་མ་རྐང་དངུལ་འདི་འདྲ་ཞིག་བཞག་པ་ཡིན་ན། མ་འོངས་པར་འདི་འདྲ་ཞིག་ཡོང་གི་རེད་ཟེར་བའི་གསལ་བོ་ཞིག་འགྲེལ་བཤད་རྒྱག་གི་ཡིན།” ཞེས་འགྲེལ་བརྗོད་གནང་སོང་།

དེ་ཡང་ཐུབ་བསྟན་སྦྱིན་པ་ལགས་ཀྱི་སྐྱེས་ས་ནི་མོན་རྟ་དབང་ཡིན་ཞིང་། བོད་ཀྱི་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ཏུ་སློབ་སྦྱོང་བྱས་ཤིང་། སེངྒ་པུར་དང་ཨིན་ལན་ཊི་རྒྱལ་ཁབ་སོགས་སུ་ཚོང་ལས་སྐོར་གྱི་སློབ་སྦྱོང་བྱས་ཏེ། ཁོང་རང་སྒེར་ངོས་ནས་འགྲིམས་འགྲུལ་ལས་ཁུང་(EarthLink)ཞེས་པ་ཞིག་བཙུགས་ཏེ་ལོ་ ༡༠ ལྷག་ཅིག་འགྲོ་ཡོད་པ་དང་། ད་ལྟ་ཁོང་དང་མཉམ་དུ་མི་གསུམ་གྱིས་ཚོང་ལས་སྡེ་ཚོགས་གསར་བ་ཞིག་འགོ་བཙུགས་བྱས་ཤིང་། མིང་ལ་(ThirdPol VentureLink Pvt. Ltd)ཞེས་པ་ཞིག་རྒྱ་གར་གྱི་ཚོང་ལས་སྡེ་ཚོགས་ནང་དུ་དེབ་བསྐྱེད་བྱས་ཟིན་ཡོད་འདུག་ལ། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༦ ཉིན་ལྡི་ལི་མ་ཅཱིང་ཊེ་ལའི་བོད་ཀྱི་གཞིས་ཆགས་ཡོད་སར་ལས་ཁུངས་སྒོ་འབྱེད་བྱས་ཡོད་པ་དང་། ལས་ཁུངས་གཉིས་པ་ནི་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་(Corporate, Barakhamba Road)ལ་བཙུགས་ཡོད་པ་བཅས།།