16
Tue, Apr

དབྱིན་ཇི་གྲོས་ཚོགས་འཐུས་མི་ཏོན་ལོ་ཧྥུ་ཏོན་ལགས།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༧་ཚེས་༢༣་ཉིན། དབྱིན་ཇི་གྲོས་ཚོགས་འཐུས་མི་ཏོན་ལོ་ཧྥུ་ཏོན་ལགས་ཀྱིས་དབྱིན་ཇིའི་གྲོས་ཚོགས་སུ། བོད་ནང་འགྲོ་བསྐྱོད་རང་དབང་དགོས་པའི་གྲོས་འཆར་ཕུལ་ཡོད་པ་དང་། ཁོས་ཨ་རིས་བོད་ལ་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཐོབ་ཐང་དགོས་པའི་ཁྲིམས་གཏན་འབེབས་བྱས་པ་ལྟར། དབྱིན་ཇིའི་གཞུང་ནས་ཀྱང་དེ་ལྟར་བྱ་དགོས་པའི་རེ་འདུན་བཏོན་འདུག

དེ་ཡང་། གོང་ཚེས་ཉིན། གྲོས་ཚོགས་འཐུས་མི་ཏོན་ལོ་ཧྥུ་ཏོན་ལགས་ཀྱིས་དབྱིན་ཇིའི་གྲོས་ཚོགས་སུ། སྐར་མ་བཅུའི་ཁྲིམས་འཆར་ཞེས་པའི་ཐོག་བོད་ལ་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཐོབ་ཐང་དགོས་པའི་ཁྲིམས་འཆར་ཕུལ་ཡོད་ཅིང་། དབྱིན་ཇི་གཞུང་གིས་རྒྱ་མི་དབྱིན་ཇིའི་རྒྱལ་ཁབ་དང་འཛམ་གླིང་གང་སར་བསྐྱོད་ཆོག་པ་བཞིན། བོད་ནང་ལ་དབྱིན་ཇིའི་མི་རྣམས་ཀྱང་རང་དབང་ངང་བསྐྱོད་ཆོག་པའི་ཁྲིམས་འཆར་བཏོན་ཡོད་འདུག

ཁོང་གིས་བརྙན་ཐུང་ཞིག་བརྒྱུད་ནས་བརྗོད་དོན། དེ་རིང་མི་མང་ཚོས་དབྱིན་ཇིའི་སྲིད་བློན་གསར་པ་བདམས་པར་དོ་སྣང་བྱེད་ཀྱི་ཡོད་རེད། འོན་ཀྱང་། ངས་འཛམ་གླིང་གཞན་ཞིག་གི་ནང་འབྱུང་བཞིན་པའི་གནས་ཚུལ་ཞིག་བཤད་རྒྱུ་ཡིན། དེ་ནི་བོད་རེད། ང་ནི་དབྱིན་ཇི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་། ལོ་མང་རིང་བོད་ནང་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་སོགས་ཀྱི་སྐོར་ལས་འགུལ་སྤེལ་མཁན་ཞིག་ཡིན་པའི་ཆ་ནས། དེ་རིང་ངས་(དབྱིན་ཇིའི)་གྲོས་ཚོགས་ནང་སྐར་མ་བཅུའི་ཁྲིམས་འཆར་ཞེས་པའི་ཐོག ཚོགས་གཙོར་བོད་ལ་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཐོབ་ཐང་དགོས་པའི་ཁྲིམས་འཆར་ཕུལ་ཡིན་ཞེས་དང་།

ཁོང་གིས་མུ་མཐུད་ནས། ལོ་སྔོན་མའི་ཟླ་༡༡་གི་ནང་དུ། ཨ་རི་གཞུང་གིས་བོད་ལ་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཐོབ་ཐང་དགོས་པའི་ཁྲིམས་འཆར་དེ་གྲོས་ཚོགས་ནང་རྒྱབ་སྐྱོར་ཐོབ་ཡོད་པ་མ་ཟད། སྲིད་འཛིན་ཁྲི་ཕུ་མཆོག་གིས་ཀྱང་རྒྱབ་སྐྱོར་ཐོབ་ནས་ཁྲིམས་ཆགས་ཡོད་པ་རེད། དེ་ནི་རྒྱ་མི་ནི་དབྱིན་ཇིའི་ས་ཁུལ་གང་ས་དང་། ཡུ་རོབ། འཛམ་གླིང་གང་སར་རང་དབང་ངང་བསྐྱོད་ཆོག་གི་ཡོད་སྟབས། ཕྱི་རྒྱལ་མིའང་བོད་ནང་རང་དབང་ངང་འགྲོ་བཅུག་དགོས་ཞེས་པའི་ཁྲིམས་དེ་རེད། བོད་ནང་ཕྱི་རྒྱལ་གྱི་ཆབ་སྲིད་པ་དང་། དོན་གཅོད། གཞན་སུ་ཡིན་རུང་། ང་ཚོའི་གཞུང་ཚབ་ནང་བཞིན་༢༠༡༧ལོ་ནས་བོད་ནང་བསྐྱོད་ཐུབ་མེད་པ་རེད། བོད་ནང་བསྐྱོད་ནས་བོད་མི་ཚོ་དང་སྐད་ཆ་བཤད་འདོད་ཡོད་ཀྱང་། འགྲོ་བཅུག་གི་མེད་པ་རེད་ཅེས་བརྗོད་འདུག

ང་ཚོ་བོད་ནང་དུ་བསྐྱོད་ནས་དངོས་ཡོད་གནས་ཚུལ་ལ་བརྟག་ནས་ཤེས་རྟོགས་བྱེད་དགོས། རྒྱ་གཞུང་གིས་༡༩༥༩་ལོར་བོད་བཙན་འཛུལ་བྱས་པ་ནས་བཟུང་། བོད་མི་ས་ཡ་གཅིག་ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། རྒྱ་གཞུང་གིས་སྡུག་སྦྱོང་ལ་བརྟེན་ནས་ད་བར་བོད་མི་༡༥༠་ལྷག་གིས་རང་ལུས་མེར་བསྲེགས་བཏང་ཡོད། ཅེས་ཁོང་གིས་བརྗོད་སོང་།

དེ་ནས་ཁོང་གིས་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་གཏོང་གི་ཡོད་པའི་ཐད་ནས་འདི་ལྟར་བརྗོད་དོན། དེ་བཞིན་རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་ཤུགས་ཆེན་གཏོང་བཞིན་ཡོད་ཅིང་། བོད་ས་ཁུལ་ལ་དུག་ཤེད་ཅན་གྱི་གད་སྙིགས་གང་ཡོད་པ་མ་ཟད། ད་དུང་། ཆུ་མཛོད་བརྒྱབས་པ་དང་། གཏེར་ཁ་སྔོག་འདོན་བྱེད་པ་སོགས་ཀྱིས་འཛམ་གླིང་གི་མི་འབོར་བརྒྱ་ཆ་༤༠་ཡི་འཚོ་རྟེན་དུ་གྱུར་ཡོད་པའི་བོད་ཀྱི་རྒྱུགས་ཆུ་དང་། ཁོར་ཡུག་བཅས་ལ་གནོད་འཚེ་བྱེད་བཞིན་ཡོད་ཅེས་འགྲེལ་བརྗོད་བྱས་འདུག

དེར་བརྟེན། ངའི་ཁྲིམས་འཆར་ནི། ཨ་རིས་བོད་ལ་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཐོབ་ཐང་དགོས་པའི་ཁྲིམས་འཆར་བཏོན་པ་དང་གཅིག་པ་རེད། རྒྱ་ནག་ལ་ཕྱི་རྒྱལ་མི་ཚོ་བོད་ནང་བསྐྱོད་པའི་རང་དབང་དགོས་ཞེས་པ་དེ་ཡིན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་ཐེར་འདོན་བྱེད་དགོས། བོད་ནང་དང་འཛམ་གླིང་ས་ཕྱོགས་གང་དུ་གནས་པའི་བོད་མི་ཚོར་དྲང་བདེན་བྱེད་དགོས། གལ་སྲིད། རྒྱ་གཞུང་གིས་ད་དུང་ཡང་བོད་ནང་རང་དབང་ཐོག་ནས་བསྐྱོད་མ་བཅུག་ཚེ། རྒྱ་མི་དབྱིན་ཡུལ་ལ་ཡོང་ཐུབ་པའི་རེ་བ་མ་བྱེད་ཅེས་བརྗོད་འདུག

མཐའ་དོན་དེར། ཁོང་གིས་བརྗོད་གསལ། བོད་ཀྱི་གནས་ཚུལ་ནི་ཐག་རིང་བའི་གནས་ཚུལ་ཞིག་རེད་སྙམ་སྲིད་ཀྱང་། དེ་ནི་འཛམ་གླིང་གི་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་གལ་ཆེ་བའི་རྩ་འཛིན་ཞིག་ཡིན། བོད་མི་ཚོ་ལོ་མང་པོའི་ཞིག་གི་རིང་སྡུག་མྱོང་ཡོད། འཛམ་གླིང་མི་མང་ཚོས་རྒྱ་ནག་ལ་ཞི་བདེར་དགའ་བའི་བོད་མིར་མུ་མཐུད་ནས་སྡུག་སྦྱོང་མི་བྱེད་པའི་འབོད་སྐུལ་བྱེད་དགོས། ཞེས་རེ་སྐུལ་ཞུས་འདུག