25
Thu, Apr

རྒྱ་གར་གྲོང་ཁྱེར་ཀོལ་ཀ་ཏ་རུ་༸གོང་ས་མཆོག་གིས་བོད་མི་སློབ་མ་རྣམས་ལ་བཀའ་སློབ་གནང་བཞིན་པ། པར་དབང་དགའ་ལྡན་ཕོ་བྲང་ལ་ཡོད།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༡༧ཟླ་༡༡ཚེས་༢༣ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ནུབ་བྷེང་གྷལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཊར་བོད་རིགས་ཁ་ཆེ་གཙོ་བོར་གྱུར་པའི་བོད་མི་རྣམས་ལ་བཀའ་སློབ་སྩལ་དོན། དེ་རིང་ཀོལ་ཀ་ཊར་འབྱོར་བ་རེད། ངོས་རང་ཆུང་ངུའི་སྐབས་ནས་ཀོལ་ཀ་ཊ་གོ་མྱོང་ཡོད། ཕྱོགས་གཅིག་ནས་ཀ་སྦུག་དང་རྡོར་གླིང༌། འབྲས་ལྗོངས་དེ་དག་བོད་དང་ཐག་ཧ་ཅང་ཉེ་བོ་རེད།

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སུ་གནས་ཚུལ་ཐོན་པར་གཞིགས་ན། ༸གོང་ས་མཆོག་གིས་འདི་ལྟར་བཀའ་སློབ་ཕེབས་དོན། ཀོལ་ཀ་ཊའི་ Howrah ཟམ་པ་ཧ་ཅང་རིང་པོ་ཡོད་པ་དང༌། དེ་བཞིན་གཅན་གཟན་ཁང་ནང་སེམས་ཅན་འདྲ་མིན་ཧ་ཅང་མང་པོ་ཡོད་སྐོར་ངོས་རང་ཆུང་དུས་སྐབས་ནས་གོ་མྱོང༌། ཕྱི་ལོ་༡༩༥༦ལོར་ངོས་རང་འདིར་ཐེངས་གཅིག་སླེབས་པ་རེད། ཕྱི་ལོ་༡༩༥༩ནས་ང་ཚོ་བཙན་བྱོལ་བ་ཆགས་ཡོད་ཀྱང་ཕྱོགས་གཅིག་ནས་བསམ་བློ་བཏང་ན་བོད་མི་རིགས་ཀྱི་རིག་གཞུང་དང་སྙིང་སྟོབས་དེ་དག་འཛམ་གླིང་འདིའི་སྟེང་གནས་ཐུབ་པ་བྱུང་ཡོད། དཔེར་ན། ཕལ་ཆེར་ཁྱེད་རང་ཚོར་ཉམས་མྱོང་བྱུང་ཡོད་ངེས་རེད། སྔ་མོ་བོད་པ་ཡིན། ཞེས་བརྗོད་ན་ཕྲན་བུ་འཚེར་སྣང་བྱས་པ་དེ་འདྲ་བྱུང་ཡོད། ལྷག་པར་ཕྱི་ལོ་ ༡༩༥༩་་་་༡༩༦༠ ནང་བོད་པ་གཞོན་སྐྱེས་ཁག་གཅིག་གིས་བོད་པ་ཡིན་ཟེར་ན་ཕྲན་བུ་འཚེར་སྣང་བྱེད་རྒྱུ་དེ་འདྲ་བྱུང་བ་རེད།

འོན་ཀྱང་དེང་སྐབས་བོད་པ་ཡིན་ཞེས་སྤོབས་པ་བྱེད་ཀྱི་ཡོད། གང་ལྟར་འཛམ་གླིང་འདིའི་སྟེང་བོད་ཀྱི་རིག་གཞུང་ཇི་འདྲ་ཡོད་པ། དེང་སྐབས་རྒྱ་གར་ནང་རྒྱ་གར་བ་མང་པོ་ཞིག་གིས་རྒྱ་གར་གྱི་གནའ་རབས་རིག་གཞུང་ངོ་མ་ནི་བོད་པས་བདག་པོ་བརྒྱབ་ནས་ཡོད་པར་གཞི་ནས་གསལ་པོ་ཆགས་ཡོང་གི་འདུག ྋགོང་ས་ལྔ་པ་ཆེན་པོའི་སྐབས་ཏེ་ལོ་བཞི་བརྒྱའི་གོང་ལ་དྭགས་ཁ་ཆེ་ལྷ་སར་སླེབས་དུས་བོད་གཞུང་གིས་ཁ་ཆེའི་ལྷ་ཁང་བཞེང་སླད་ས་ཆ་སྤྲད་འདུག ངོས་རང་ཆུང་དུས་སྐབས་བོད་གཞུང་གི་མཛད་སྒོ་ཆེ་བ་ག་དུས་འཚོགས་ཀྱང་ཁ་ཆེ་ཚོ་ཡོང་གི་ཡོད་པ་ཧ་ཅང་གསལ་པོ་དྲན་གྱི་འདུག

ཕྱིས་སུ་ང་ཚོ་བཙན་བྱོལ་བ་ཆགས་ནས་ཀ་སྦུག་དང་ཤྲི་ན་གར་ Srinagar དུ་ལྷ་སའི་ཁ་ཆེ་ཡོད། ང་ཚོ་ཆོས་ལུགས་མི་འདྲ་བ་ཆགས་ཡོད་ནའང་བོད་མི་རིགས་གཅིག་གྱུར་ཆགས་ཡོད། ཁ་སྔོན་ལ་དྭགས་སུ་སྲིད་སྐྱོང་དང་སྐད་ཆ་བྱུང༌། སྔ་མོ་ཡིན་ན་གངས་སྐྱིད་ཀྱི་སྒྲིག་འཛུགས་ནང་བོད་པ་ཁ་ཆེ་ལས་བྱེད་ཁ་ཤས་ཡོད་རེད། བར་སྐབས་ནས་ཁ་ཆེ་ཇི་ལྟར་ཐོར་བ་ཡིན་ན་མེད་པའི་བཟོ་འདྲ་ཞིག་འདུག བོད་པ་ཁ་ཆེ་དེ་འདྲ་ང་ཚོའི་ལས་བྱེད་ནང་ཡོད་ན་ཡག་པོ་རེད་ཅེས་ཞུ་རྒྱུ་བྱུང༌། ཕྱིས་སུ་བོད་པ་ཁ་ཆེའི་བུ་མོ་ (Sakina Batt) ཞིག་བྱུང་འདུག གང་ལྟར་ང་ཚོ་ཚང་མ་བོད་མི་རིགས་གཅིག་གྱུར་ཆགས་ཡོད། བོད་རང་དབང་རྩོད་ལེན་སླད་ང་ཚོ་ཚང་མར་འགན་གཅིག་མཚུངས་ཡོད། ང་ཚོ་བོད་མི་བཙན་བྱོལ་བ་དེ་དག་བཙན་བྱོལ་བ་ཆགས་ནས་ཕལ་ཆེར་ལོ་ལྔ་བཅུ་ང་བརྒྱད་ཙམ་འགྲོ་བཞིན་ཡོད། འཛམ་གླིང་འདིའི་སྟེང་བཙན་བྱོལ་བ་ས་ཡ་མང་པོ་ཡོད་པའི་ནང་ནས་ང་ཚོ་བོད་པ་ཕལ་ཆེར་ཚགས་ཚུད་ཤོས་ཡིན་པའི་བཟོ་འདྲ་ཞིག་འདུག བོད་པ་གྱོང་ཤོས་རེད་འདུག

གཉིས་ནས་རྒྱ་གར་དང་བོད་ཅེས་བརྗོད་ན། ལོ་སྟོང་ཕྲག་རིང་ནས་འབྲེལ་བ་ཧ་ཅང་ཡོད་པ་ཞིག་རེད། དེ་འདྲའི་ཐོག་ནས་དམིགས་བསལ་འབྲེལ་བ་ཡོད་པ་མ་ཟད། ནེཧ་རུ་མཆོག་བཞུགས་པའི་སྐབས་ནས་བོད་མི་བཙན་བྱོལ་བ་ཐོག་ལ་རྒྱ་གར་གཞུང་གི་དམིགས་བསལ་ཐུགས་སྣང་གནང་སྟེ་སློབ་གྲྭ་བཙུགས་རྒྱུ་མཚོན་པའི་གཞིས་ཆགས་ཁག་དེ་དག་གྲ་སྒྲིག་གནང་རྒྱུ་ཧ་ཅང་ཡག་པོ་བྱུང་ཡོད། དེར་བརྟེན་ང་ཚོ་བཙན་བྱོལ་བ་འདྲ་འདྲའི་ནང་ནས་ཕལ་ཆེར་བོད་པ་བཙན་བྱོལ་བ་ནི་ཚགས་ཚུད་ཤོས་དང་གྲ་སྒྲིག་ཤོས་ཡིན་པའི་བཟོ་འདྲ་ཞིག་འདུག ང་རང་ཚོ་བོད་རིགས་ངོས་ནས་ཆ་བཞག་ནའང་ལོ་ལྔ་བཅུ་ང་གྲངས་དེའི་རིང་སོ་སོ་བོད་པ་ཡིན་བསམ་པའི་འདུ་ཤེས་འཁྱེར་ནས་རྒྱ་གར་དང་ཨ་རུ། ཡུ་རོབ། ཨོ་སི་ཌོ་ལི་ཡ་ནང་དུ་ཡིན་ནའང་བོད་རིགས་རེ་བཟུང་གནས་ཚུལ་ཐ་དད་རེད་མ་གཏོགས་གཞན་བོད་རིགས་མང་ཆེ་བས་བོད་པ་ཡིན་བསམ་པའི་འདུ་ཤེས་འཁྱེར་ནས་ས་གནས་གང་དུ་ཡིན་ནའང་བོད་པའི་ཚབ་བྱས་ནས་ཚང་མ་ཧུར་ཐག་འབད་ཐག་རེད་འདུག ཐུགས་རྗེ་ཆེ་ཟེར་གྱི་ཡིན། ཀོལ་ཀ་ཊར་ཡོད་མཁན་ཁྱེད་རང་ཚོ་ཚང་མ་བོད་མི་རིགས་ཀྱི་ལ་རྒྱ་དང་འདུ་ཤེས་མ་རླག་པའི་ཐོག་ནས་སྡོད་ཀྱི་ཡོད། བཀའ་དྲིན་ཆེ། ཐུགས་རྗེ་ཆེ་ཟེར་གྱི་ཡིན།

གལ་ཆེ་ཤོས་ང་ཚོ་བཙན་བྱོལ་བ་ཆགས་ནས་བོད་མིའི་གཞིས་ཆགས་ཁག་ཚུགས་ཏེ་བོད་པའི་རྣམ་པ་མ་ཡལ་བར་འཛིན་ཐུབ་རྒྱུ་དང༌། མཐའ་ན་ཆང་ས་རྒྱག་རྒྱུ་ཚུན་ཆད་གཞིས་ཆགས་ནང་རུབ་རུབ་བྱས་ནས་ཡོད་ན། གང་ཡིན་ནའང་མི་རིགས་ཡིན་ནའང་སྡོད་ཐུབ་རྒྱུའི་ཁྱད་པར་འདུག ནེ་རུ་མཆོག་བཞུགས་པའི་སྐབས་ནས་བཟུང་གཞིས་ཆགས་དེ་དག་བཙུགས་པ་རེད། ནེ་རུ་རང་གིས་ཐུགས་ཁུར་ཧ་ཅང་བཞེས་ཏེ་སློབ་གྲྭ་ཁག་དེ་དག་བཙུགས་པ་རེད། དེ་དང་ཆབས་ཅིག་རིས་མེད་ཆོས་སྒར་ཁག་དེ་དག་རྒྱ་གར་ནང་གི་གཞིས་སྒར་ཆེ་ཁག་དེ་དག་ནང་ཚུགས་ཏེ་གང་ལྟར་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ང་ཚོས་མུ་མཐུད་བཙན་བྱོལ་ནང་ཉར་ཚགས་བྱས་ནས་གནས་ཐུབ་ཡོད།

བར་སྐབས་ནས་ངོས་ཀྱིས་རྒྱ་གར་བ་ཚོར་འདི་བཤད་ཀྱི་ཡོད། དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་རྒྱ་གར་ནས་གདན་ཞུ་གནང་སྟེ་ཕྱིས་སུ་མཁན་ཆེན་ཞི་བ་འཚོས་མཁས་པའི་དབང་པོ་བླ་མ་གཙོ་བོ་སློབ་དཔོན་ཀ་མ་ལ་ཤཱི་ལ་བོད་དུ་གདན་ཞུ་གནང༌། དུས་ཕྱིས་སུ་དུས་རབས་ ༡༡ ནང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་ཏེ་དེ་ལྟར་སངས་རྒྱས་ཀྱི་བསྟན་པ་བོད་ནང་ཧ་ལས་པའི་རྩ་བ་ཚུགས་འདུག གཙོ་བོ་མཁན་ཆེན་ཞི་བ་འཚོས་སངས་རྒྱས་ཀྱི་ཆོས་བོད་ནང་སློབ་སྤེལ་གནང་སྟངས་དེ་ནཱ་ལེནྡཱའི་ཆོས་བརྒྱུད་དྲི་མ་མེད་པ་སྤེལ་བ་དེ་ལྟར་རེད། ནཱ་ལེནྡཱའི་ཆོས་ཟེར་དུས་དད་པ་ཁོ་ན་མིན་པར་གཙོ་བོ་རིགས་པའི་ཐོག་ནས་བསམ་བློ་གཏང་རྒྱུ་དེ་རེད། འབར་མ་དང་ཐའེ་ལེནྡྲ་དེ་ཚོའི་གྲས་ནང་པའི་ལུང་པ་རེད། འོན་ཀྱང་རིགས་པས་དཔྱད་པ་བྱེད་རྒྱུ་དེ་ཙམ་མེད། པཱ་ལིའི་ཆོས་བརྒྱུད་ནང་རིགས་པས་དཔྱད་པ་བྱ་རྒྱུ་ཧ་ཅང་མི་འདུག

ལེགས་སྦྱར་གྱི་ཆོས་བརྒྱུད་ནང་རིགས་པས་དཔྱད་པ་བྱ་རྒྱུ་ཧ་ཅང་ཡོད། དཔེར་ན་བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུང་ཡོད། འདིའི་དོན་ནི་བཅོམ་ལྡན་འདས་ཀྱིས་རྗེས་འབྲང་དགེ་སློང་དང་རབ་བྱུང༌། མཁས་དབང་ཚོས་བཅོམ་ལྡན་འདས་ཀྱིས་བཀའ་གནང་བ་དེར་དད་པ་དང་ཡིད་ཆེས་ཐོག་ནས་ཁས་ལེན་བྱེད་མི་དགོས། བཅོམ་ལྡན་འདས་ཀྱི་གསུང་པ་དེར་རིགས་པས་དཔྱད་པ་དང་བརྟག་དཔྱད་བྱེད་ནས་ཁས་བླངས་བ་མ་གཏོགས་བཅོམ་ལྡན་འདས་ཀྱིས་བཀའ་ཡིན་པའི་རྒྱུ་མཚན་ཙམ་བྱས་ནས་ཡིད་ཆེས་དང་དད་པ་བྱེད་མི་དགོས། ཞེས་པ་འདི་རླབས་ཆེན་ཞིག་རེད་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ།

ཐེངས་འདིར་བོད་མི་དེ་དག་ཀོལ་ཀ་ཊར་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་དང༌། ས་གནས་སུ་གཏན་སྡོད། དགུན་ཚོང་གཉེར་བཞིན་པ། གཞན་ཡང་རྡོར་གླིང་དང་ཀ་སྦུག་སོགས་ནས་བཅར་འདུག ཁྱོན་མི་གྲངས་༢༠༠ ཙམ་འདུག་པ་བཅས།།