18
Thu, Apr

༢༠༢༠་ལོའི་ཟླ་༩་ཚེས་༥ཉིན། རྒྱ་གར་དང་རྒྱ་ནག་གི་སྐུ་ཚབ་བར་ས་མཚམས་དང་འབྲེལ་བའི་ཐོག་ཚོགས་འདུ་འཚོགས་སྐབས། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༩་ཚེས་༧ཉིན་སྤེལ། ཉེ་ཆར་རྒྱ་གར་དང་རྒྱ་ནག་གི་སྐུ་ཚབ་ས་མཚམས་ཀྱི་རྩོད་རྙོག་དང་འབྲེལ་བའི་ཐོག་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་ལ་ཚོགས་འདུ་ཚོགས་ཤིག་ཡོད་ཅིང་། དེའི་སྐབས་སུ། རྒྱ་གར་གྱི་བདེ་སྲུང་བློན་ཆེན་གྱིས་རྒྱ་གཞུང་གི་སྐུ་ཚབ་ལ་རྒྱ་གར་གྱི་ས་ཆ་ཚོན(inch)་གཅིག་ཀྱང་བློས་གཏོང་རྒྱུ་མིན་ཞེས་བརྗོད་འདུག

དེ་ཡང་། རྒྱལ་སྤྱིའི་གསར་ཁང་ཝི་ཨན་ནས་གནས་ཚུལ་སྤེལ་བར་ལྟར་ན། ཟླ་འདིའི་ཚེས་༥ཉིན། ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་རྒྱ་གར་གི་བདེ་སྲུང་བློན་ཆེན་ར་ཇ་ཎ་ཐི-སིང་དང་རྒྱ་ནག་གི་དམག་དཔོན་ཝེ་ཧྥེན་ཧེ་བཅས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་ས་མཚམས་དང་འབྲེལ་བའི་ཐོག་ཚོགས་འདུ་ཆུ་ཚོད་༢:༣༠་རིང་ལ་ཚོགས་ཡོད་འདུག དེའི་སྐབས་སུ། རྒྱ་གར་གི་བདེ་སྲུང་བློན་ཆེན་ར་ཇ་ཎ་ཐི-སིང་གིས་རྒྱ་ནག་གི་དམག་དཔོན་ལ་རྒྱ་གར་ཕྱོགས་ནས་ས་ཆ་ཚོན་གཅིག་ཀྱང་བློས་གཏོང་བྱེད་རྒྱུ་མིན། རྒྱ་གར་གྱིས་རང་ཉིད་རྒྱལ་ཁབ་ཀྱི་བདག་དབང་དང་གཅིག་གྱུར་སྲུང་སྐྱོབ་བྱེད་རྒྱུའི་བློ་ཐག་བཅད་ཡོད། ཅེས་བརྗོད་འདུག

གཞན་ཡང་། སྐུ་ཚབ་ཚོས་ཉེ་ཆར་རྒྱལ་ཁབ་གཉིས་བར་ལ་ས་མཚམས་ཀྱི་རྙོག་དྲ་ཁག་ཅིག་བྱུང་ཡོད་པའི་སྐོར་ལ་གྲོས་བསྡུས་བྱས་ཡོད་འདུག

ཉེ་སྔོན། ས་མཚམས་ཀྱི་རྙོག་དྲའི་ཐོག་རྒྱལ་ཁབ་གཉིས་ཀྱི་སྐུ་ཚབ་ཀྱིས་ཁ་པར་དང་དྲ་ལམ་གྱི་ཚོགས་འདུ་རིམ་པ་ཚོགས་ཡོད་ཀྱང་། གྲུབ་འབྲས་གང་ཡང་ཐོན་མེད་པ་རེད། རྒྱ་གར་གྱིས་རྒྱ་ནག་ལ་ས་མཚམས་རྙོག་འཛིང་བྱུང་བའི་ཐོག་སྐྱོན་བརྗོད་བྱས་ཡོད་པ་དང་། དེ་བཞིན་རྒྱ་གཞུང་གིས་རྒྱ་གར་ལ་སྐྱོན་འཛུགས་བྱས་ཡོད།

རྒྱ་གར་གྱིས་ས་མཚམས་རྙོག་འཛིང་དང་འབྲེལ་བའི་ཐོག་རྒྱ་ནག་རྒོལ་ལེན་སློག་ཆེད། སླར་ཡང་རྒྱ་ནག་གི་གཉེན་ཆས་དུ་མ་ཞིག་བཀག་སྡོམ་བྱས་ཡོད། དེར་མཚུངས། ཟླ་འདིའི་ཚེས་༤ཉིན། རྒྱ་གར་དང་ཨོ་གླིང་། ཉི་ཧོང་བཅས་ཀྱིས་ཚོང་འབྲེལ་ཐོག་ནས་མཉམ་འབྲེལ་བྱས་ནས་རྒྱལ་སྤྱིའི་ཁྲོམ་ར་ཁྲོད་ནས་རྒྱ་ནག་ལ་གདོང་ལེན་བྱ་རྒྱུ་ཡིན་པ་བརྒྱུད་ལམ་ཁག་ན་གསལ་འདུག

གཞན་ཡང་། ཉེ་ཆར་བོད་དང་རྒྱ་གར་གྱི་ས་མཚམས་ལ་དྭགས་སྤང་གང་མཚོའི་ཉེ་འགྲམ་ས་མཚམས་སུ་འབར་རྫས་འཐོར་ནས་རྒྱ་གར་གྱི་དམིགས་བསལ་མཐའ་སྲུང་དམག་མི་ཁོངས་སུ་ཡོད་པའི་བོད་དམག་ཉི་མ་བསྟན་འཛིན་ལགས་ཀྱི་ཚེ་སྲོག་ཤོར་ཡོད་པ་དང་། ཁོང་གི་དམག་རོགས་བསྟན་འཛིན་བློ་ལྡན་ལགས་ལ་རྨས་སྐྱོན་ཆེན་པོ་ཕོག་ཡོད་འདུག