24
ཕུར་བུ།, ཟླ་དགུ་པ།

རྒྱ་ནག་གི་མཉེན་ཆས་ཊི་ཊོ་དང་སྐད་འཕྲིན་གྱི་པར།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༨་ཚེས་༧་ཉིན། ཨ་རིའི་སྲིད་འཛིན་ཊོམ་གྱིས་རྒྱ་ནག་གི་མཉེན་ཆས་ཊི་ཊོ(TikTok)དང་སྐད་འཕྲིན(Wechat) གཉིས་ཀྱིས་ཨ་རིའི་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་གནས་ཚུལ་རྒྱ་དམར་གཞུང་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་སྐོར་དང་། ཉིན་༤༥་ནང་དུ་སྒོ་རྒྱག་རྒྱུ་ཡིན་པར་གསལ་བསྒྲགས་སྤེལ་འདུག

དེ་ཡང་། རྒྱལ་སྤྱིའི་གསར་ཁང་རུ་ཊེར(Reuters)་སོགས་ཀྱིས་གནས་ཚུལ་སྤེལ་བར་ལྟར་ན། གོང་ཚེས་ཉིན། ཨ་རི་སྲིད་འཛིན་ཊོམ་གྱིས་རྒྱ་ནག་གི་ཚོང་གཉེར་ཁང་བྷད་ཊེ་སྦྲན་སེ(ByteDance)ཡི་ཊི་ཊོ་(TikTok)་དང་ཊེན་ཟན(Tencent)་གྱི་སྐད་འཕྲིན(Wechat)་གཉིས་སྒོ་རྒྱག་རྒྱུ་ཡིན་པ་དང་། དེ་གཉིས་ཀྱིས་ཨ་རིའི་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་གནས་ཚུལ་དང་། ཨ་རི་མི་མང་གི་སྒེར་གྱི་གནས་ཚུལ་རྒྱ་དམར་སྲིད་གཞུང་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་པར་འགྲེལ་བརྗོད་བྱས་འདུག

དེར་བརྟེན། མཉེན་ཆས་དེ་གཉིས་ཨ་རིའི་ཚོང་གཉེར་ཁང་ཞིག་ལ་ཉིན་༤༥་རིང་བཙོང་མ་ཐུབ་ཚེ། ཨ་རིའི་ནང་དུ་སྒོ་རྒྱག་རྒྱུ་ཡིན་པར་གསལ་བསྒྲགས་སྤེལ་འདུག

ཟླ་འདིའི་ཚེས་༦་ཉིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཁི་པོམ་གྱིས་ཨ་རི་སྲིད་གཞུང་གིས་ཨ་རི་ནང་དུ་དྲ་སྦྲེལ་གཙང་མ་བཟོ་རྒྱུའི་ལས་འཆར་ཞིག་འགྲོ་བཞིན་ཡོད་པ་དང་། དེའི་ནང་དུ་རྒྱ་ནག་གི་མཉེན་ཆས་དང་རྒྱང་བསྲིངས་གནས་འབྲེལ་ཁང་ཁག་ཅིག་གིས་ཨ་རིའི་མི་སེར་དང་ཚོང་པ་ཚོའི་ཚོར་རྣོན་གནས་ཚུལ་རེག་ཐབས་བྱེད་བཞིན་ཡོད་པར་བཀག་སྡོམ་བྱེད་རྒྱུ་ཡིན་པར་འགྲེལ་བརྗོད་བྱས་འདུག

མཉེན་ཆས་འདི་གཉིས་ཨ་རི་ནང་དུ་སྒོ་རྒྱག་དགོས་དོན་ནི། ཉེ་སྔོན་ཨ་རི་དང་རྒྱ་ནག་གཉིས་བར་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་པའི་སྐབས། མཉེན་ཆས་འདི་གཉིས་ཀྱིས་ཨ་རིའི་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་གནས་ཚུལ་རྣམས་མཁོ་སྒྲུབ་བྱེད་ཀྱི་ཡོད་པ་དང་། དེ་གཉིས་ནི་ཉེན་ཚབས་ཅན་དང་ཡིད་ཆེས་མེད་པའི་མཉེན་ཆས་ཡིན་པར་འགྲེལ་བརྗོད་བྱས་འདུག

ཨ་རི་ནང་དུ་ཊི་ཊོ་མཉེན་ཆས་བེད་སྤྱོད་གཏོང་མཁན་ས་ཡ་༡༠༠་དང་། སྐད་འཕྲིན་བེད་སྤྱོད་གཏོང་མཁན་ཐེར་འབུམ་གཅིག་ཡོད་འདུག ཨ་ལི་བྷ་བྷ(Alibaba)རྗེས་ནས་ཊེན་ཟན(Tencent)ནི་རྒྱ་ནག་གི་ཚོང་གཉེར་ཁང་ཆེ་ཤོས་གཉིས་པ་དེ་ཡིན་འདུག དེ་བཞིན་ཊེན་ཟན་ཚོང་གཉེར་ཁང་དེ་ནི་དྲ་ཐོག་རྩེད་མོ(video game)ཡོད་མཁན་ཆེ་ཤོས་གྲས་ཡིན་འདུག

སྲིད་འཛིན་ཊོམ་གྱི་མཉེན་ཆས་དེ་དག་སྒོ་རྒྱག་རྒྱུའི་གསལ་བསྒྲགས་བཏང་རྗེས། ཧོང་ཀོང་ནང་དུ་ཊེན་ཟན་ཚོང་གཉེར་ཁང་ཤེར་བདག(Shares)བརྒྱ་ཆ་བཅུ་ཉུང་དུ་ཕྱིན་ཡོད་པར་བརྒྱུད་ལམ་ཁག་ན་གསལ་འདུག

མཉེན་ཆས་དེ་གཉིས་ཟླ་༩་ཚེས་༡༥་ཉིན་བར། ཨ་རིའི་ཚོང་གཉེར་ཁང་ཞིག་ལ་གོང་ཚད་ག་ཚོད་རེག་མིན་ལ་མ་ལྟོས་པར་བཙོང་ཚར་དགོས་ཀྱི་ཡོད་འདུག དེ་མ་གཏོགས་ཨ་རིའི་ནང་དུ་སྒོ་རྒྱག་རྒྱུ་ཡིན་འདུག