18
Thu, Apr

རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༧་ཚེས་༡་ཉིན་སྤེལ། ཉེ་སྔོན་རྒྱ་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་ཞིག་བཏོན་ཡོད་པར། དབྱིན་ཇི་དང་ཧྥི་རན་སི། འཇར་མན། ཉི་ཧོང་སོགས་རྒྱལ་ཁབ་ཉེར་བདུན་གྱིས་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ། ཁྲིམས་གཞི་དེས་ཧོང་ཀོང་གི་རང་དབང་ལ་རྡོག་རོལ་གཏོང་གི་ཡོད་པས་རྒྱ་གཞུང་གིས་ངེས་པར་དུ་དེའི་ཐོག་བསམ་བློ་བསྐྱར་གཏོང་དགོས་པའི་ངོ་རྒོལ་གྱི་རྣམ་པ་བསྟན།

དེ་ཡང་། ཟླ་༦་ཚེས་༣༠་ཉིན། སུད་སུ་ཇེ་ནེ་ཝར་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུའི་ཁྲོད། དབྱིན་ཇི་དང་ཧྥི་རན་སི། འཇར་མན། ཉི་ཧོང་སོགས་རྒྱལ་ཁབ་ཉེར་བདུན་གྱིས་མཉམ་འབྲེལ་ཐོག་བསྒྲགས་གཏམ་ཞིག་སྤེལ་ནས། རྒྱལ་ཚོགས་ལ་རྒྱ་གཞུང་གིས་ཧོང་ཀོང་བདེ་འཇགས་ཁྲིམས་གསར་དེས་ཧོང་ཀོང་གི་རང་དབང་ལ་རྡོག་རོལ་གཏོང་གི་ཡོད་པས། རྒྱ་གཞུང་གིས་ངེས་པར་དུ་ཁྲིམས་གསར་དེའི་ཐོག་བསྐྱར་དུ་བསམ་བློ་གཏོང་དགོས་པ་དང་། དེ་བཞིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་མི་ཞེ-བྷ་ཆུ་ལེ(Michelle Bachelet)ནུབ་ཤིང་ཅང་ཞིང་ཆེན་ལ་ས་གནས་དེའི་གནས་སྟངས་གང་འདྲ་ཡིན་མིན་ཐོག་གཟིགས་སྐོར་གཏོང་དགོས་པའི་དགོས་འདུན་བཏོན་འདུག

བསྒྲགས་གཏམ་དེའི་ནང་དུ། རྒྱ་གཞུང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་གསར་དེ་ནི་ཧོང་ཀོང་གི་ཁྲིམས་བཟོ་པ་དང་མི་མང་གིས་འཛུལ་ཞུགས་མེད་པའི་ཐོག་བཟོས་པ་རེད། དེ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཁྲིམས་གཞི་དང་འགལ་བ་རེད། ཁྲིམས་གསར་དེས་ཧོང་ཀོང་མི་མང་གི་རང་དབང་དང་། ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པར་རྒྱལ་ཁབ་ཉེར་བདུན་གྱིས་སེམས་འཚབ་ཤུགས་ཆེན་བྱེད་ཀྱི་ཡོད། ང་ཚོས་རྒྱ་གཞུང་དང་ཧོང་ཀོང་སྲིད་གཞུང་ལ་ཧོང་ཀོང་མི་མང་གིས་ལོ་མང་རིང་རང་དབང་དང་ཐོབ་ཐང་ཡོད་པར་སྲུང་སྐྱོབ་བྱེད་བཅུག་དགོས་པ་དང་། ཁྲིམས་གསར་དེའི་ཐོག་ཡང་བསྐྱར་བསམ་བློ་གཏོང་བའི་སྐུལ་མ་བྱེད་ཀྱི་ཡོད། ཅེས་འཁོད་འདུག

དེ་བཞིན། ལོ་སྔོན་མའི་ནང་དུའང་རྒྱ་གཞུང་གིས་ཡུ་གུར་བ་དང་གྲངས་ཉུང་མི་རིགས་རྣམས་འཛིན་བཟུང་དང་། བཀག་ཉར། དྲ་རྒྱ་སོགས་ཀྱི་ཐོག་ལྟ་རྟོག་ནན་པོ་བྱེད་ཀྱི་ཡོད་པར་བརྗོད་ཡོད། ཅེས་ཀྱང་བསྒྲགས་གཏམ་དེའི་ནང་དུ་འཁོད་འདུག

རྒྱལ་ཁབ་ཉེར་བདུན་གྱིས་རྒྱ་གཞུང་ལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་མི་ཞེ-བྷ་ཆུ་ལེ(Michelle Bachelet)ཤིང་ཅང(ཡུ་གུར)ས་ཁུངས་ལ་གཟིགས་སྐོར་གཏོང་དགོས་པ་དང་། རྒྱལ་སྤྱིའི་ཁྲིམས་གཞི་འོག་མི་རྣམས་ཀྱི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་ཆེད་འགན་འཛིན་མི་ཞེ-བྷ་ཆུ་ལེ་ཡིས་ཡུ་གུར་དང་ཧོང་ཀོང་གི་གནས་སྟངས་ཀྱི་གནས་ཚུལ་རྣམས་འཁོད་སྤྲོད་བྱེད་དགོས་པའི་རེ་འདུན་བཏོན་འདུག

བསྒྲགས་གཏམ་སྤེལ་མཁན་གྱི་རྒྱལ་ཁབ་རྣམས་ནི། དབྱིན་ཇི་དང་ཧྥི་རན་སི། འཇར་མན། ཉི་ཧོང་། ཨོ་གླིང་། ཁ་ཎ་ཌ། ནིའུ་ཛི་ལན། སུད་སུ། ཡོ་རུབ་ཀྱི་རྒྱལ་ཁབ་བཅོ་ལྔ་བཅས་ཡིན་འདུག

གཞན་ཡང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་པོམ་པེ་ཡིས་བསྒྲགས་གཏམ་ཞིག་སྤེལ་ནས། རྒྱ་གཞུང་གིས་ཧོང་ཀོང་ཐོག་ཏུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་བཏོན་པ་ཨ་རི་ཁ་རོག་སྡོད་ཀྱི་མ་རེད། བདུན་ཕྲག་སྔོན་མར་ཨ་རིའི་སྲིད་གཞུང་གིས་ཧོང་ཀོང་གི་རང་དབང་ལ་རྡོག་རོལ་གཏོང་མཁན་གྱི་རྒྱ་གཞུང་གི་འགན་འཛིན་རྣམས་ཨ་རི་ནང་དུ་ཡོང་བའི་མཐོང་མཆན་བཀག་སྡོམ་བྱས་ཡོད། དེ་བཞིན། ཨ་རི་སྲིད་གཞུང་གིས་ཧོང་ཀོང་གཞུང་ལ་འགོག་སྲུང་ཆེད་འཕྲུལ་རིགས་གཏོང་རྒྱུ་མཚམས་འཇོག་བྱེད་རྒྱུ་ཡིན་པ་མ་ཟད། ཚོང་འབྲེལ་སོགས་ཀྱི་ཐོག་ཧོང་ཀོང་དམིགས་བསལ་ཀྱི་སྲིད་བྱུས་ཡོད་པ་དེའང་མེད་པ་བཟོ་རྒྱུ་ཡིན།

འོན་ཀྱང་། ཨ་རི་གཞུང་གིས་མུ་མཐུད་ནས་རང་དབང་ལ་དགའ་བའི་ཧོང་ཀོང་གི་མི་མང་མཉམ་དུ་ལངས་ནས། རྒྱ་གཞུང་གིས་སྨྲ་བརྗོད་རང་དབང་དང་། གསར་འགོད་རང་དབང་། འདུ་འཛོམས་རང་དབང་བཅས་རྡོག་རོལ་གཏོང་བར་ཡ་ལན་སློག་རྒྱུ་ཡིན། ཞེས་འཁོད་འདུག