19
Fri, Apr

རྒྱ་གར་གཞུང་གིས་བཀག་སྡོམ་བྱས་པའི་རྒྱ་ནག་གི་མཉེན་ཆས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༦་ཚེས་༢༩་ཉིན། ཉེ་ཆར་རྒྱ་དཀར་ནག་གི་ས་མཚམས་བར་འཐབ་འཛིང་བྱུང་རྗེས། རྒྱ་གར་གཞུང་གིས་རྒྱ་ནག་ནས་བཟོས་པའི་མཉེན་ཆས་༥༩་བཀག་སྡོམ་བྱེད་པའི་གསལ་བསྒྲགས་སྤེལ་ཤིང་། གྷོ་གྷལ(Google)་དང་ཀུ་ཤུ(Apple)་ཚོང་གཉེར་ཁང་ལ་རྒྱ་གར་གཞུང་གི་བཀའ་ཡིག་འབྱོར་བ་དང་མཉེན་ཆས་དེ་དག་ཕབ་ལེན་བྱེད་རྒྱུ་མེད་པར་བཟོ་འཆར་འདུག

དེ་ཡང་། གོང་ཚེས་ཉིན་གྱི་དགོང་མོར་རྒྱ་གར་བརྡ་འཕྲིན་ཚན་རྩལ་བློན་ཆེན་གྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་གི་མཉེན་ཆས་༥༩་རྒྱ་གར་གྱི་ནང་དུ་བཀག་སྡོམ་བྱེད་རྒྱུ་ཡིན་པ་དང་། དེ་དག་ནི་རྒྱ་གར་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་དང་། རྒྱལ་སྲུང་སོགས་ཀྱི་དྲ་རྒྱའི་བདེ་འཇགས་ལ་གནོད་ཀྱི་ཡོད་པར་འགྲེལ་བརྗོད་བྱས་འདུག

མཉེན་ཆས་དེ་ཚོ་ཇི་ལྟར་བྱས་ནས་བཀག་སྡོམ་བྱེད་ཀྱི་ཡོད་དམ་བརྗོད་ན། དེ་ཡང་གྷོ་གྷལ(Google)་དང་ཀུ་ཤུ(Apple)་ཚོང་གཉེར་ཁང་ལ་རྒྱ་གར་གཞུང་གིས་མཉེས་ཆས་དེ་དག་བཀག་སྡོམ་བྱེད་དགོས་པའི་བཀའ་རྒྱ་འབྱོར་རྗེས། མཉེས་ཆས་༥༩་དེ་དག་གྷོ་གྷལ་མཉེས་ཆས་ཕབ་ལེན་མཛོད་ཁང་(Google Play Store)་དང་། ཀུ་ཤུ་མཉེས་ཆས་ཕབ་ལེན་མཛོད་ཁང(iOS App Store)་ནས་ཕབ་ལེན་བྱེད་རྒྱུ་མེད་པ་བཟོ་རྒྱུ་ཡིན་སྐོར་བརྗོད་འདུག

དེ་བཞིན། རྒྱ་གར་གཞུང་གིས་རྒྱ་གར་དྲ་རྒྱ་ཞབས་ཞུ་ཁང(Indian internet service providers (ISPs)དང་རྒྱང་བསྲིངས་གནས་འབྲེལ(telecom service providers (TSPs)་ལ་འབྲེལ་བ་བྱས་ནས། གོང་གི་རྒྱ་ནག་གི་མཉེན་ཆས་དེ་དག་གི་དྲ་རྒྱའི་འབྲེལ་མཐུད་བཀག་སྡོམ་བྱེད་དགོས་པའི་བཀའ་བཏང་ཡོད་འདུག དེ་ལྟར་བྱས་ན། མཉེན་ཆས་དེ་དག་གི་ལས་ཀ་བྱེད་ཀྱི་མེད་པ་དང་རང་བཞིན་བེད་མེད་ཆགས་ཀྱི་ཡོད་པའི་སྐོར་རྒྱ་གར་གསར་ཁང(India.com)གིས་སྤེལ་འདུག

ཉེ་ཆར་རྒྱ་གར་གྱི་ས་མཚམས་ལ་དྭགས་ས་ཁུལ་ལ་རྒྱ་དཀར་ནག་གཉིས་ཀྱི་དམག་མིས་ཕན་ཚུན་འཐབ་འཛིང་བྱས་ནས་རྒྱ་གར་གྱི་དམག་མི་༢༠་འདས་གྲོངས་དང་གཞན་དམག་མི་མང་པོ་ཞིག་རྨས་སྐྱོན་བྱས་རྗེས། རྒྱ་གར་གཞུང་གིས་མཉེན་ཆས་དེ་དག་བཀག་སྡོམ་གྱི་གསལ་བསྒྲགས་སྤེལ་ཡོད་ཅིང་། དེ་ནི་རྒྱ་གར་ཕྱོགས་ནས་རྒྱ་ནག་ལ་བཏང་བའི་དཔལ་འབྱོར་གྱི་ཉེས་པ་ཆེ་ཤོས་ཡིན་པར་འགྲེལ་བརྗོད་བྱས་འདུག རྒྱ་ནག་གི་མཉེན་ཆས་དེ་དག་རྒྱ་གར་དུ་བེད་སྤྱོད་གཏོང་མཁན་ཧ་ཅང་མང་པོ་ཡོད་འདུག གཞན་ཡང་། རྒྱ་གར་ནང་གི་མཁས་པ་དང་ལས་འགུལ་བ། འཁྲབ་སྟོན་པ། མི་མང་སོགས་ཀྱིས་རྒྱ་ནག་ནས་བཟོས་པའི་ཅ་དངོས་རྣམས་བཀག་སྡོམ་བྱེད་དགོས་པའི་ལས་འགུལ་རབ་དང་རིམ་པ་སྤེལ་དང་སྤེལ་བའི་རྐྱེན་གྱིས་རྒྱ་ནག་ནས་འབྱོར་བའི་ཅ་དངོས་རྣམས་བདུན་ཕྲག་སྔོན་མ་ནས་རྒྱ་གར་གྱི་གྲུ་ཁའི་འགག་སྒོར་ལྷག་ཡོད་པའང་འགྲེལ་བརྗོད་བྱས་འདུག

རྒྱ་ནག་གི་ཚོང་གཉེར་ཁང་(Bytedance)་གི་ཊི་ཁི་ཊོ་ཁི(TikTok)་ནི་རྒྱ་གར་དུ་མི་ས་ཡ་༦༡༡་གིས་བེད་སྤྱོད་གཏོང་གི་ཡོད་ཅིང་། དེ་བཞིན་རྒྱ་ནག་ཚོང་གཉེར་ཁང(Tencent)གི་སྐད་འཕྲིན(WeChat)་ནི་རྒྱ་གར་ནང་དུ་མི་ས་ཡ་༡༠༠་ལྷག་གིས་བེད་སྤྱོད་གཏོང་གི་ཡོད་འདུག

རྒྱ་ནག་གི་མཉེན་ཆས་སྐད་འཕྲིན(WeChat)དང་། ཊི་ཁི་ཊོ་ཁི(TikTok)། བརྒྱུད་སྐུར་བྱེད་པའི་མཉེན་ཆས(Shareit)། ཧེ་ལོ(Helo)། མཛེས་བཟོ་མཉེན་ཆས(Beauty Plus)། གླུ་གཞས་མཉེན་ཆས(QQ Music)། བཤེར་འབེབས་ཡོ་ཆས(Cam Scanner)བཅས་ཁྱོན་མཉེན་ཆས་༥༩་བཀག་སྡོམ་བྱས་འདུག