19
Fri, Apr

རྒྱ་གར་གྱི་དམག་མི། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༦་ཚེས་༡༧་ཉིན་སྤེལ། རྒྱ་དཀར་ནག་གི་ས་མཚམས་ལ་དྭགས་ནས་ཕྱོགས་གཉིས་ཀྱི་དམག་མི་འཁྲུག་འཛིང་བྱས་ཏེ། རྒྱ་གར་གྱི་དམག་མི་༢༠་ཡི་སྲོག་ཤོར་ཡོད་པ་དང་རྒྱ་ནག་གི་དམག་མི་༤༣་གྱི་སྲོག་ཤོར་བ་དང་རྨས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་། རྒྱ་གར་གྱི་གསར་ཁང་ཆེ་ཤོས་རྒྱ་གར་གྱི་དུས་བབ་ནས་གསར་འགྱུར་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༡༥་དང་༡༦་གཉིས་ལ་རྒྱ་གར་ལ་དྭགས་གྷལ་ཝན་ལུང་གཤོངས(Galwan Valley)ས་མཚམས་སུ། རྒྱ་གར་དང་རྒྱ་ནག་གི་དམག་མི་གཉིས་འཁྲུག་འཛིང་བྱས་ནས། རྒྱ་གར་གྱི་དམག་མི་༢༠་ཡི་ཚེ་སྲོག་ཤོར་བ་་དང་། རྒྱ་གཞུང་གི་དམག་མི་༤༣་གྱི་ཚེ་སྲོག་ཤོར་བ་དང་རྨས་བྱས་་ཡོད་སྐོར་བརྗོད་འདུག འོན་ཀྱང་། རྒྱ་ནག་གི་ཕྱོགས་ནས་ད་དུང་དམག་མི་ག་ཚོད་ཤི་རྨས་བྱུང་མིན་གནས་ཚུལ་ཐོན་མེད་པ་རེད།

ཟླ་འདིའི་ཚེས་༡༥་ཉིན། གྷལ་ཝན་ལུང་གཤོངས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དམག་དཔོན་ཐུག་ནས་ས་མཚམས་ཀྱི་རྩོད་རྙོག་ཞི་འཇམ་ཡོང་ཐབས་ཀྱོ་གྲོས་མོལ་བྱས་ཀྱང་། ཞི་མཐུན་མི་བྱུང་ནས་གནས་ཚུལ་སྡུག་ཏུ་ཕྱིན་འདུག དེ་ནས་རིམ་བཞིན་དམག་མི་གཉིས་བར་འཁྲུག་འཛིང་བྱུང་བ་དང་རྡོ་གཡུག་པ་སོགས་བྱས་ནས་ཕན་ཚུན་གཉིས་ཀྱི་དམག་མི་ལ་ཤི་རྨས་བྱུང་ཡོད་པ་དང་། རྒྱ་དམག་གིས་རྒྱ་གར་གྱི་དམག་མི་འཛིན་བཟུང་བྱས་འདུག དེའི་རྗེས། གྲོས་མོལ་རིམ་པ་བྱས་མཐའ་རྒྱ་གར་གྱི་དམག་མི་དེ་དག་གློད་བཀྲོལ་བཏང་འདུག འོན་ཀྱང་། དེའི་ཁྲོད་རྒྱ་གར་གྱི་དམག་མི་ཁག་ཅིག་ད་དུང་བོར་བརླག་ཕྱིན་ནས་ཤི་གསོན་གང་ཡིན་ཤེས་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་གསར་ཁང་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་རྒྱ་དཀར་ནག་གཉིས་ཀྱི་དམག་དཔོན་གྱིས་ཡང་བསྐྱར་གྲོས་མོལ་བྱེད་བཞིན་ཡོད་པ་དང་། རྙོག་འཛིང་ཆེ་བའི་ས་མཚམས་ནས་ཕྱོགས་གཉིས་ཀྱི་དམག་མི་རྣམས་ཕྱིར་འཐེན་བྱེད་རྒྱུའི་ཐོག་གྲོས་མོལ་བྱེད་ཀྱི་ཡོད་འདུག ད་སྔ་དམག་མི་ཚོས་མེ་མདའ་བརྒྱབ་པའི་གནས་ཚུལ་བྱུང་མེད་པ་དང་། ཕན་ཚུན་འཁྲུག་འཛིང་དང་རྡོ་གཡུག་པ་སོགས་རྐྱེན་གྱིས་ཤི་རྨས་བྱུང་འདུག