24
Wed, Apr

རྒྱ་ནག་གི་ཅ་དངོས་བཀག་སྡོམ་དགོས་པའི་ལས་འགུལ་སྤེལ་བཞིན་པའི་པར་རིས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༦་ཚེས་༡༢་ཉིན་སྤེལ། རྒྱ་གཞུང་གི་ཏོག་ནད་གདོང་ལེན་བྱེད་ཕྱོགས་དང་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་གི་རྐྱེན་པས། རྒྱ་གར་གྱི་ཚོང་པ་དང་། གློག་བརྙན་འཁྲབ་སྟོན་པ། མི་སྒེར་སོགས་ཀྱིས་རྒྱ་ནག་ནས་བཟོས་པའི་ཅ་དངོས་རྣམས་བཀག་སྡོམ་བྱས་ནས་རྒྱ་གར་རང་གི་ཐོན་རྫས་བེད་སྤྱོད་གཏོང་རྒྱུའི་ལས་འགུལ་ཤུགས་ཆེན་སྤེལ་བཞིན་འདུག

དེ་ཡང་། ཉེ་ཆར་རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་འབྱུང་སྐབས། ལ་དྭགས་ནས་ཡིན་པའི་བསོད་ནམས་དབང་ཕྱུག་ལགས་ཀྱིས་རྒྱ་ནག་ནས་བཟོས་པའི་ཅ་དངོས་རྣམས་བཀག་སྡོམ་བྱེད་པའི་ལས་འགུལ་ཞིག་འགོ་བརྩམས་པ་ནས་བཟུང་། དེར་རྒྱ་གར་གྱི་གློག་བརྙན་འཁྲབ་མཁན་ཁག་ཅིག་གིས་རྒྱབ་སྐྱོར་ཐོབ་ཡོད་པ་མ་ཟད། རྒྱ་གར་རྒྱལ་ཡོངས་ནས་ཚོང་པ་དང་མི་སྒེར་ངོས་ནས་ཀྱང་རྒྱབ་སྐྱོར་ཐོབ་ཡོད། དེ་བཞིན་རྒྱ་གར་གྱི་གསར་ཁང་ཆེ་གྲགས་ཁག་ཅིག་གིས་ཀྱང་དེའི་ཐོག་ཚ་ཚ་འུར་འུར་གྱིས་བགྲོ་གླེང་བྱས།

གཞན་ཡང་། ཟླ་འདིའི་ཚེས་༡༠་ཉིན། རྒྱ་གར་རྒྱལ་ཡོངས་ཚོང་འབྲེལ་མཐུན་ཚོགས་(The Confederation of All India Traders (CAIT)ཀྱིས་རྒྱ་ནག་གི་ཚོང་རྫས་བཀག་སྡོམ་བྱེད་དགོས་པའི་ལས་འགུལ་ཞིག་རྒྱལ་ཡོངས་སུ་སྤེལ་བཞིན་འདུག ལས་འགུལ་དེའི་ཁ་བྱང་ནི་རྒྱ་གར་གྱི་ཚོང་རྫས་ནི་ང་ཚོའི་སྤོབ་པ་ཡིན(Indian Goods- Our Pride)་ཞེས་པ་དེ་དང་། དེའི་དམིགས་ཡུལ་ནི། ༢༠༢༡་ལོའི་ཟླ་༡༢་བར་དུ་རྒྱ་གར་ནང་དུ་ཨ་སྒོར་ཐེར་འབུམ་༡༣་རིན་ཐང་ལྡན་པའི་རྒྱ་མིའི་ཅ་དངོས་རྣམས་ནང་འདྲེན་བྱེད་རྒྱུ་ཉུང་དུ་གཏོང་རྒྱུ་དང་། ལས་འགུལ་དེའི་ཆ་ཤས་རིམ་པོ་དང་པོ་ནི་རྒྱ་མིའི་བཟོས་ཚར་བའི་ཅ་དངོས་རྣམས་འོར་འདྲེན་བྱེད་རྒྱུ་བཀག་སྡོམ་བྱེད་རྒྱུ་དེ་ཡིན་འདུག

སྤྱིར་རྒྱ་གར་གྱིས་རྒྱ་ནག་ནས་ཅ་དངོས་རིགས་བཞི་འོར་འདྲེན་བྱེད་ཀྱི་ཡོད། དེ་དག་ནི་བཟོས་ཚར་བའི་ཅ་དངོས་དང་། ཅ་དངོས་ཀྱི་རྒྱུ་ཆ། རྐང་གསབ་ཆ་ལག(spare parts)། འཕྲུལ་ཆས་ཐོན་དངོས་བཅས་ཡིན།

ལས་འགུལ་འདི་དང་ཐོག་ནས་དྲ་ཐོག་འགོ་བཙུགས་ཡོད་པ་དང་། ཚོང་པའི་ལྷན་ཚོགས་སྟོང་ཕྲག་བཞི་བཅུ་ལྷག་དང་ཚོང་པ་གཞན་ས་ཡ་བདུན་ལྷག་གིས་ལས་འགུལ་འདིའི་ནང་དུ་ཞུགས་རྒྱུ་ཡིན་འདུག ལས་འགུལ་འདི་བརྒྱུད་ནས་ཚོང་པ་དང་ཉོ་མཁན་རྣམས་ལ་རྒྱ་མིའི་ཚོང་རྫས་ཐོག་ལ་གོ་རྟོགས་སྤེལ་རྒྱུ་ཡིན་འདུག དེ་བཞིན་ཚོང་ཁང་ནང་དུ་ཡོང་བའི་མི་རྣམས་ལ་རྒྱ་མིའི་བཟོས་པའི་ཅ་དངོས་མི་ཉོ་རྒྱུའི་སྐུལ་མ་བྱ་རྒྱུ་བཅས་ཡིན་འདུག

དེ་ཡང་། བསོད་ནམ་དབང་ཕྱུག་ནི་གསར་གཏོད་པ་ཞིག་དང་། སློབ་སྦྱོང་སྤྲོད་མཁན། ཁོར་ཡུག་སྲུང་སྐྱོབ་པ། འཆར་འགོད་བཅས་ཡིན་ཞིང་། ཁོས་ལ་དྭགས་ཁུལ་དུ་འཁྱགས་རོམ་གྱི་མཆོད་རྟེན་ཞིག་ཀྱང་བཙུགས་ཡོད། ཉེ་ཆར་ལ་དྭགས་ཕྱོགས་ཀྱི་ས་མཚམས་ཤིག་ལ་རྒྱ་དཀར་ནག་གཉིས་བར་ལ་རྩོད་རྙོག་འབྱུང་སྐབས། རྒྱ་གར་གྱི་མི་མང་པོ་ཞིག་ལ་དངངས་འཚུབ་སྐྱེས་བཅུག་ཡོད། དེར་བརྟེན། བསོད་ནམ་དབང་ཕྱུག་གིས་རྒྱ་ནག་ནས་བཟོས་པའི་ཅ་དངོས་རྣམས་བཀག་སྡོམ་བྱེད་དགོས་པའི་ལས་འགུལ་ཞིག་འགོ་བརྩམས། དེར་རྒྱ་གར་ནང་གི་ཚོང་པ་དང་མི་སྒེར་གྱིས་རྒྱབ་སྐྱོར་ཐོབ་པ་མ་ཟད། གློག་བརྙན་འཁྲབ་སྟོན་པ་ཁག་ཅིག(Milind Soman, Arshad Warsi, Ranvir Shorey, Archana Puran Singh)གིས་ཀྱང་རྒྱབ་སྐྱོར་ཐོབ་འདུག

ཉེ་ཆར་བསོད་ནམ་དབང་ཕྱུག་ལགས་ཀྱིས་བརྙན་ཐུང་ཞིག་བརྒྱུད་ནས་མི་རྣམས་ལ་འདི་ལྟར་བརྗོད་དོན། རྒྱ་གཞུང་གིས་ཏོག་ནད་འཛམ་གླིང་ཡོངས་ལ་ཁྱབ་བཅུག་ཡོད། འདིས་རྒྱ་ནག་གི་མི་མང་གཙོས་འཛམ་གླིང་གི་མི་མང་ལ་དཀའ་ངལ་ཧ་ཅང་ཆེན་པོ་སྤྲད་ཡོད། ད་ལྟར་ནི་ཁྱོད་ཀྱི་སྦ་ཁུག(སྒོར་མོ)བེད་སྤྱོད་བཏང་ནས་རྒྱ་ནག་ལ་ངོ་རྒོལ་བྱེད་པའི་དུས་ལ་སླེབས་ཡོད། སྤྱིར་འཛམ་གླིང་མི་མང་གིས་རྒྱ་ནག་ནས་བཟོས་པའི་ཅ་དངོས་ཧ་ཅང་མང་པོ་བེད་སྤྱོད་གཏོང་གི་ཡོད། རྒྱ་ནག་ལ་ཨ་སྒོར་ས་ཡ་མང་པོ་སྤྲོད་ཀྱི་ཡོད། ད་ལྟར་ང་ཚོས་རྒྱ་ནག་གི་ཅ་དངོས་རྣམས་བཀག་སྡོམ་བྱས་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་དགོས། དེ་ནི་རྒྱ་གཞུང་ཕམ་ཁ་གཏོང་བའི་ཐབས་ལམ་ལེགས་ཤོག་ཅིག་རེད། ཅེས་བརྗོད་འདུག

གཞན་ཡང་། ༡༩༤༠་དང་༡༩༥༠་ནང་དུ། རྒྱ་གཞུང་གིས་བོད་དང་སོག་པོ་སོགས་བཙན་འཛུལ་བྱེད་སྐབས། ང་ཚོ་ཁ་རོག་ཏུ་བསྡད་པ་རེད། གང་ཡིན་ཟེར་ན། ང་ཚོར་ཚོང་དགོས་པ་རེད། ད་དུང་རྒྱ་གཞུང་གིས་མི་རིགས་གཞན་པ་རྣམས་ལ་བརྙས་བཅོས་གཏོང་སྐབས། ང་ཚོ་ཡང་ཁ་རོག་ཏུ་བསྡད་ཡོད། གང་ཡིན་ཟེར་ན། ང་ཚོར་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་དགོས་པ་རེད། ད་ལྟར་ང་ཚོར་རྒྱ་མིས་བརྙས་བཅོས་གཏོང་གི་ཡོད། ཅེས་བརྗོད་འདུག

ད་ལྟར་རྒྱ་ནག་གིས་ལ་དྭགས་དང་། རྒྱ་ནག་ཏུ་ལས་མི་ཐེར་འབུམ་གཅིག་ལྷག ཡུ་གུར་ས་ཡ་བཅུ། བོད་མི་ས་ཡ་དྲུག་བཅས་ལ་བརྙས་བཅོས་གཏོང་བཞིན་པར་མཚམས་འཇོག་ཡོང་ཆེད། ཁྱོད་ཀྱིས་རང་ཉིད་ཀྱི་སྦ་ཁུག་གི་ནུས་པ་དེ་བེད་སྤྱོད་བཏང་ནས་རྒྱ་མིའི་ཅ་དངོས་མ་ཉོ། མཉེན་ཆས་རྣམས་བདུན་ཕྲག་གི་ནང་དུ་མེད་པ་དང་། ཚོང་ཟོག་རྣམས་ལོ་གཅིག་གི་ནང་དུ་མེད་པ་བཟོས་ནས་ང་ཚོར་རྒྱབ་སྐྱོར་བྱེད་རོགས། ཞེས་བརྗོད་འདུག

ཁོང་གིས་བརྗོད་དོན། ཕྱོགས་གཅིག་ལ་ང་ཚོའི་དམག་མིས་རྒྱ་མིའི་དམག་མི་དང་མཉམ་དུ་འཛིང་བསྡད་ཡོད། ཕྱོགས་གཅིག་ནས་ང་ཚོས་རྒྱ་མིའི་ཅ་དངོས་དང་མཉེས་ཆས་ཉོ་ཡི་ཡོད། ང་ཚོས་རྒྱ་མིར་ཐེར་འབུམ་མང་པོའི་ཁེ་ཕན་སྤྲོད་ཀྱི་ཡོད། སྒོར་མོ་དེ་ཚོས་ཁོ་ཚོའི་དམག་ཤུགས་ཆེ་རུ་བཏང་ནས་ང་ཚོར་བཙན་འཛུལ་བྱེད་ཀྱི་ཡོད། དེར་བརྟེན། རྒྱ་གར་གྱི་མི་རྣམས་ལ་རྒྱ་མིའི་བཟོས་པའི་མཉེས་ཆས་རྣམས་མེད་པ་བཟོ་བའི་རེ་སྐུལ་ཞུས་འདུག

རང་ཉིད་ཀྱི་འགོ་བཙུགས་ནས་ལས་འགུལ་སྤེལ་རྒྱུ་ཡིན་པའི་ཐོག་ནས་ཁོང་གིས་བརྗོད་དོན། དང་ཐོག་རྒྱ་ནག་ནས་བཟོས་པའི་རང་ཉིད་ཀྱི་ཁ་པར་འདི་མེད་པ་བཟོ་རྒྱུ་ཡིན། དེ་ནས་བདུན་ཕྲག་གཅིག་དང་ལོ་གཅིག་གི་ནང་དུ། ངས་རྒྱ་ནག་ནས་བཟོས་པའི་ཅ་དངོས་ཚང་མ་མེད་པ་བཟོ་རྒྱུ་ཡིན། ངའི་མི་ཚེ་ནང་ནས་དེ་ཚོ་མེད་པ་བཟོ་རྒྱུ་ཡིན། དེ་བཞིན་རྒྱ་གར་མི་རྣམས་ཀྱིས་དེ་ལྟར་བྱེད་རྒྱུའི་རེ་བ་ཞུ། ཅེས་བརྗོད་འདུག