23
Tue, Apr

༢༠༢༠་ལོའི་ཟླ་༦་ཚེས་༧ཉིན། ༸གོང་ས་མཆོག་གིས་ཐད་གཏོང་བརྒྱུད་ལྷོ་ཨེ་ཤེ་ཡའི་གཞོན་སྐྱེས་རྣམས་ལ་བཀའ་སློབ་གནང་བཞིན་པ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༦་ཚེས་༧ཉིན། ༸གོང་ས་མཆོག་གིས་དེང་སྐབས་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་འདི་དག་ནི་འགྲོ་བ་མིའི་བྱེད་ལས་ལ་བརྟེན་ནས་བྱུང་བ་ཡིན་པས་འགྲོ་བ་མི་ལ་དཀའ་ངལ་འདི་དག་སེལ་བའི་འོས་འགན་ཡོད། དེ་བཞིན་མི་ཚང་མར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཡོད་གྱུར་ན་ཕན་ཚུན་འཚེ་བ་བྱེད་པའི་གཞི་རྩ་གཏན་ནས་མེད་པར་འགྱུར་གྱི་རེད། ཅེས་བཀའ་བསྩལ།

དེ་ཡང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་སའི་བཞུགས་སྒར་ཕོ་བྲང་གི་གཟིམ་ཆུང་ནས་དྲ་ལམ་ཐད་གཏོང་བརྒྱུད། ལྷོ་ཤར་ཨེ་ཤེ་ཡའི་གཞོན་སྐྱེས་རྣམས་ལ་དྲ་ལམ་བརྒྱུད་བཀའ་སློབ་བསྩལ་ཡོད། སིངྒ་པོར་དང་། ཐའེ་ལན་ཌི། ཝི་དི་ནམ། མ་ལེ་ཤཱི་ཡ། མེ་མར། ཁམ་པོ་ཌི་ཡ། ལའོ་སི། ཧོང་ཀོང་བཅས་ཀྱི་གཞོན་སྐྱེས་དང་དགེ་རྒན་གཙོས་ལྷོ་ཤར་ཨེ་ཤི་ཡའི་གཞོན་སྐྱེས་རྣམས་ལ་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་གསུང་དོན། འགྲོ་བ་མི་དུང་ཕྱུར་བདུན་ཅུ་ལྷག་ཡོད་པ་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པར་གཅིག་གྱུར་ཡིན་ལ། ནང་པའི་འདོད་ཚུལ་ལྟར་ན། འགྲོ་བ་མི་ཙམ་མ་ཡིན་པར་སེམས་ཅན་ཐམས་ཅད་རང་དང་རང་གི་གཉེན་ཉེ་རྣམས་བདེ་བ་དང་ལྡན་པར་འདོད་ཅིང་སྡུག་བསྔལ་དང་འབྲལ་བར་འདོད་པ་མཚུངས་པ་ཡིན། འོན་ཀྱང་འགྲོ་བ་མི་ལ་སེམས་ཅན་གཞན་ལ་མེད་པའི་རྣམ་དཔྱོད་ཁྱད་པར་བ་ཞིག་ཡོད་སྟབས། རྣམ་དཔྱོད་དེས་འཕྲུལ་ཆས་དང་། ཚན་རིག་སོགས་གསར་གཏོད་བྱས་ཐུབ་ཡོད་ཀྱང་། རྣམ་དཔྱོད་དེ་ཉོན་མོངས་པ་དང་ཟུང་དུ་སྦྲེལ་ནས་གོ་མཚོན་འདྲ་མིན་བཟོས་པས་འཛམ་གླིང་ནང་དམག་འཁྲུག་དང་འཚེ་བ་འཕེལ་ཡོད། འགྲོ་བ་མི་མ་གཏོགས་སེམས་ཅན་གཞན་གྱིས་བྱེད་མི་ཐུབ་པ་འདི་ལྟ་བུ་ནི་ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་རྣམ་དཔྱོད་ལ་བརྟེན་ནས་བྱུང་བ་ཡིན།

ཁོང་གིས་མི་མཐུད་ནས་གསུད་དོན། དེང་སྐབས་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་འདི་དག་ནི་འགྲོ་བ་མིའི་བྱེད་ལས་ལ་བརྟེན་ནས་བྱུང་བ་ཡིན་པས། འགྲོ་བ་མི་ལ་རང་བཞིན་གྱིས་དཀའ་ངལ་སེལ་བའི་འོས་འགན་ཡོད་པ་མ་ཟད། བྱེད་ཐུབ་པ་ཞིག་ཀྱང་ཡིན། འགྲོ་བ་མི་དུང་ཕྱུར་བདུན་ཅུ་ལྷག་ཡོད་པ་ཐམས་ཅད་ལ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཡོད་གྱུར་ན་ཕན་ཚུན་འཚེ་བ་བྱེད་པའི་གཞི་རྩ་གཏན་ནས་མེད་པར་འགྱུར། གནས་དབེན་པ་ཞིག་ཏུ་རང་ཉིད་གཅིག་པུར་འཁྱམ་པ་ན་འགྲོ་བ་མི་ཅིག་དང་ཐུག་མ་ཐག་རང་དང་འདྲ་བ་ཅིག་དང་ཐུག་བྱུང་སྙམ་སྟེ་དགའ་བ་སྐྱེ་བ་ལས། དེའི་རིགས་རུས་དང་། ཆོས་བརྒྱུད། ལུང་ཚན་གང་ཡིན་མི་ལྟ་བ་ནི་རང་བཞིན་ཡིན།

དེ་ནས་དྲི་བ་དྲི་ལན་གྱི་ལས་ཚན་འགོ་བརྩམས་ནས་རྒྱལ་ཁབ་འདྲ་མིན་གྱི་གཞོན་སྐྱེས་༡༣་གྱི་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་བསྩལ་སོང་།

མཐའ་མར། གོ་སྒྲིག་པས་མ་འོངས་པར་ཡང་གཞོན་སྐྱེས་རྣམས་དང་ལྷན་དུ་འདི་ལྟ་བུའི་བགྲོ་གླེང་གི་གོ་སྐབས་སྩལ་གནང་ཡོང་བ་ཞེས་གསོལ་བ་བཏབ་པར། ནང་ཆོས་ཉམས་ལེན་པ་ཞིག་ཡིན་པའི་ཆ་ནས་བདག་གི་ལུས་ངག་ཡིད་གསུམ་སེམས་ཅན་གྱི་དོན་དུ་བསྔོས་ཟིན་པས་ཡིན་དང་ཡིན། ལྷག་པར་དེང་རབས་ཀྱི་འཕྲུལ་ཆས་ལ་བརྟེན་ནས། ས་ཆ་གཞན་དུ་འགྲོ་མི་དགོས་པར། འདིར་བདེ་བར་བསྡད་ནས་བསམ་ཚུལ་བཤད་པ་ལ་དཀའ་ངལ་མེད་སྟབས། ནམ་ཡིན་ཡང་གྲ་སྒྲིག་ཨང་གསར་ཡིན། ཞེས་སོགས་བཀའ་ལན་བསྩལ།

དྲ་རྒྱ་བརྒྱུད་ཐད་གཏོང་གནང་སྐབས་བོད་སྐད་དང་རྒྱ་སྐད། རྒྱ་གར་གྱི་སྐད། ཝི་དུ་ནམ། ར་ཤི་ཡ། ཀོ་རི་ཡ། ཉི་ཧོང་། སི་པེན། འཇར་མན། པོར་ཇུ་ཀལ་དང་། ཨུ་རུ་སི། ཨི་ཊ་ལི། ཐའེ་བཅས་ཀྱི་སྐད་ཡིག་ནང་དུ་གསུང་སྒྱུར་གནང་འདུག