12
Sun, Jul

ཧོང་ཀོང་གི་ཉེན་རྟོག་པ། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༦་ཚེས་༡་ཉིན་སྤེལ། ཉེ་ཆར་རྒྱ་གཞུང་གིས་ཧོང་ཀོང་ཐོག་ཏུ་བདེ་འཇགས་ཀྱི་ཁྲིམས་གཞི་བཏོན་པར། ཧོང་ཀོང་མི་མང་གིས་ངོ་རྒོལ་བྱས་པ་མ་ཟད། རྒྱལ་ཁབ་༢༣་ལྷག་གི་གྲོས་ཚོགས་འཐུས་མིས་དེར་ངོ་རྒོལ་དང་ཧོང་ཀོང་མི་མང་གི་རང་དབང་ལ་སྲུང་སྐྱོབ་དགོས་པའི་དགོས་འདུན་བཏོན།

དེ་ཡང་། ཟླ་༥་ཚེས་༢༨་ཉིན་རྒྱ་གཞུང་གི་ཚོགས་ཆེན་གཉིས་པའི་ཁྲོད། ཧོང་ཀོང་ཐོག་ཏུ་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞི་ཞེས་པ་ཞིག་ལག་བསྟར་བྱ་རྒྱུར་གྲོས་མཐུན་བྱུང་། དེར་ཧོང་ཀོང་མི་མང་གིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་པ་མ་ཟད། ཧོང་ཀོང་དུ་མི་མང་སྟོང་ཚོ་འགའ་ཁྲོམ་གཞུང་དུ་ཐོན་ནས་རྒྱ་གཞུང་ལ་དངོས་སུ་ངོ་རྒོལ་སྐད་འབོད་བྱས་འདུག ཞི་བའི་ངོ་རྒོལ་བྱེད་སྐབས། མི་མང་ཚོས་ཧོང་ཀོང་ལ་རང་དབང་དགོས་སོགས་ཀྱི་སྐད་འབོད་བརྒྱབ་འདུག དེར་ཉེན་རྟོག་པས་ཁོ་ཚོར་མེ་མདའ་བརྒྱབ་པ་དང་། མིག་ཆུ་དུག་རླུང་དང་མེ་ཆུ་གཏོར་འདུག

ཕྱོགས་མཚུངས། ཨ་རི་དང་དབྱིན་ཇི། ཡུ་རོབ་མཐུན་ཚོགས། འཇར་མིན། སི་ཌན། ཌན་མག ཡི་རི་ལེན། ལི་ཐོ་ནེ་ཡ། སི་ལོ་ཝེ་ཀེ། མ་ལ་ཤེ་ཡ། རྒྱ་གར། མར་ཡན་མ། ལྷོ་ཀོ་རི་ཡ། ཨེ་ཌོ་ནེ་ཤེ་ཡ། ཨོ་གླིང་། ཁ་ན་ཌ། ནིའུ་ཛི་ལེན་བཅས་ཁྱོན་རྒྱལ་ཁབ་ཉེར་གསུམ་གྱི་གྲོས་ཚོགས་འཐུས་མི་༡༩༡་གིས་རྒྱ་གཞུང་གིས་ཧོང་ཀོང་ཐོག་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་བྱེད་རྒྱུར་ངོ་རྒོལ་བྱས་འདུག

དེ་ཡང་། ཨ་རིའི་སྲིད་འཛིན་ཊོམ་གྱིས་རྒྱ་གཞུང་གིས་ཧོང་ཀོང་ཐོག་ཁྲིམས་གསར་དེ་ལག་བསྟར་བྱས་ཚེ། ཨ་རི་ཡིས་ཧོང་ཀོང་ཚོང་འབྲེལ་ཐོག་དམིགས་བསལ་ཐོབ་ཐང་ཡོད་པ་དེ་ཕྱིར་འཐེན་བྱ་རྒྱུ་ཡིན་པ་དང་། རྒྱ་ནག་ལ་ཉེས་ཆད་གཅོད་རྒྱུ་ཡིན་པ་བརྗོད་འདུག

དེ་བཞིན། ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ཆར་ལི་མར་ཁི་ཡིས་རྒྱ་གཞུང་གིས་ངེས་པར་དུ་ཧོང་ཀོང་གི་རང་དབང་ལ་བརྩི་བཀུར་བྱེད་དགོས། ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་དང་ཧོང་ཀོང་བར་གྱི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

ཟླ་༥་ཚེས་༢༨་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས(UN Security Council)་ཀྱི་དྲ་ལམ་ནས་ཚོགས་འདུ་ཞིག་ཚོགས་ཡོད་ཅིང་། དེའི་ཐོག་ཨ་རི་དང་དབྱིན་ཇི་ཡིས་རྒྱ་གཞུང་ནས་ཧོང་ཀོང་ཐོག་ཏུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་བྱ་འཆར་ཡོད་པར་ངོ་རྒོལ་བྱས་འདུག དེ་ཡང་། ཨ་རིའི་རྒྱལ་ཚབ་ཁེ་ལེ་ཁི་རཱ་ཧྥོ་ཡིས་ང་ཚོས་ཧོང་ཀོང་ནང་གི་མི་ས་ཡ་མང་པོས་འགྲོ་བ་མིའི་ཐོབ་ཐང་ལ་ལོངས་སུ་སྤྱོད་ཀྱི་ཡོད་པར་སྲུང་སྐྱོབ་བྱེད་རྒྱུ་མིན་ནམ། ང་ཚོས་རྒྱ་ནག་དམར་ཕྱོགས་གཞུང་གིས་ཁྲིམས་གསར་དེ་བཙན་དབང་གིས་ཧོང་ཀོང་མི་མང་གི་ཐོག་ཏུ་ལག་བསྟར་དང་རྒྱལ་སྤྱིའི་སྒྲིག་ཁྲིམས་ལ་བརྩི་མེད་གཏོང་བཅུག་རྒྱུ་ཡིན་ནམ། ཞེས་ཚོགས་མི་ཚོར་དྲི་བ་བཏོན་འདུག

རྒྱ་གཞུང་གིས་ཧོང་ཀོང་ཐོག་ཁྲིམས་གཞི་དེ་ལག་བསྟར་བྱ་འཆར་ཡོད་པའི་གནས་ཚུལ་འབྱུང་སྐབས། རྒྱལ་ཁབ་༢༣་ནས་གྲོས་ཚོགས་འཐུས་མི་མི་༡༩༡་ཡིས་མཉམ་འབྲེལ་ཐོག་ནས་བསྒྲགས་གཏམ་ཞིག་སྤེལ། བསྒྲགས་གཏམ་དེའི་ནང་དུ། ༡༩༩༧་ལོར་རྒྱ་ནག་དང་དབྱིན་ཇི་གཉིས་བར་བཞག་པའི་ཆིངས་ཡིག་དེ་རྒྱ་གཞུང་གིས་བརྩི་མེད་གཏོང་མི་རུང་། ཆིངས་ཡིག་དེ་ལས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡིན། ཧོང་ཀོང་ལ་རྒྱ་ནག་སྐམ་སར་མེད་པའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་བཅས་ལ་ལོངས་སུ་སྤྱོད་ཆོག་གི་ཡོད། འོན་ཀྱང་། རྒྱ་གཞུང་གིས་ཆིངས་ཡིག་དེ་བརྩི་མེད་བཏང་ནས། ཧོང་ཀོང་མི་མང་གི་རང་དབང་ལ་རྡོག་རོལ་གཏོང་གི་ཡོད་པར་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་མཉམ་འབྲེལ་བྱས་ནས། རྒྱ་གཞུང་གིས་ཧོང་ཀོང་ཐོག་བཏོན་པའི་ཁྲིམས་གསར་དེར་ངོ་རྒོལ་བྱེད་རོགས། ཞེས་འཁོད་འདུག

ཁྲིམས་གཞི་དེ་ནི། ལོ་སྔོན་མར་ཧོང་ཀོང་དུ་མི་མང་སྟོང་ཕྲག་མང་པོས་རྒྱ་གཞུང་ལ་ངོ་རྒོལ་བྱེད་སྐབས། དེའི་ཁྲོད་འཛིན་བཟུང་བྱས་པའི་མི་མང་ལ་ཉེས་ཆད་གཅོད་རྒྱུ་དང། དེ་བཞིན། ཧོང་ཀོང་ནང་དུ་ཁ་བྲལ་དང་འབྲེལ་བའི་ལས་འགུལ། ཕྱི་རྒྱལ་གྱི་ཐེ་བྱུས། འཇིགས་སྐུལ་རིང་ལུགས་པ་དང་། གྱེན་ལོག་ཤོག་ཁག་གི་ལས་འགུལ་སོགས་བཀག་སྡོམ་བྱེད་རྒྱུ་ཡིན་པར་རྒྱ་མི་ཞིག་གིས་ལྷོ་རྒྱ་ནག་གསར་ཁང་ལ་འགྲེལ་བརྗོད་བྱས་འདུག

ཁྲིམས་གཞི་དེ་ཧོང་ཀོང་དུ་ལག་བསྟར་བྱས་ཚེ། ཧོང་ཀོང་མི་མང་གི་རང་དབང་ལ་རྡོག་རོལ་གཏོང་བའི་དཀའ་ངལ་ཤུགས་ཆེན་འཕྲད་རྒྱུ་ཡིན་འདུག དེར་བརྟེན། ཧོང་ཀོང་ནང་དུ་ཡོད་པའི་མི་ཁག་ཅིག་ཕྱི་རྒྱལ་དུ་འགྲོ་བཞིན་ཡོད། དབྱིན་ཇི་ཡིས་༡༩༨༥་ལོར་ཧོང་ཀོང་ཁྲིམས་ཞེས་པར་ལྟར་ན། ཧོང་ཀོང་གི་མི་ས་ཡ་གསུམ་དབྱིན་ཇིའི་མི་སེར་བྱས་ནས་རྒྱལ་ཁབ་དེར་འགྲོ་ཆོག་པའི་ཆ་རྐྱེན་ཚང་ཡོད་འདུག

གཞན་ཨ་རི་སྲིད་གཞུང་གིས་རྒྱ་ནག་གི་སློབ་ཕྲུག་སྟོང་ཕྲག་མང་པོའི་མཐོང་མཆན་སྤྲོད་རྒྱུ་མཚམས་འཇོག་བྱ་རྒྱུ་འཆར་གཞི་སྒྲིག་བཞིན་ཡོད་པར་གཞུང་འབྲེལ་ལས་བྱེད་ཞིག་གིས་འབྲེལ་བརྗོད་བྱས་འདུག དེའི་རྒྱུ་རྐྱེན་ནི་ཨ་རི་ཡོང་བའི་རྒྱ་མིའི་སློབ་ཕྲུག་ཚོ་ནི་རྒྱ་གཞུང་གི་གསང་བའི་ལས་ཁུངས་དང་དམག་དོན་དང་འབྲེལ་བ་ཡོད་པར་འགྲེལ་བརྗོད་བྱས་འདུག

གཞན་ཡང་། རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་གཉན་སྲིན་༡༩་པ་དེའི་རྐྱེན་གྱིས་འཛམ་གླིང་ཡོངས་ལ་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད་རྐྱེན། རྒྱལ་ཁབ་དང་མི་མང་པོ་ཞིག་རྒྱ་ནག་ལ་མི་དགའ་བའི་རྣམ་འགྱུར་བསྟན་ཡོད་ལ། དེའི་ཐད་རྒྱ་གཞུང་ཁྲིམས་གཏུགས་ཀྱང་བྱས་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཀྱིས་ཏོག་དབྱིབས་གཉན་སྲིན་༡༩་པ་དང་འབྲེལ་བའི་ཐད་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་དང་སྤེལ་བཞིན་ཡོད།

 

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།