04
Thu, Jun

ནུབ་ཨ་ཧྥི་རི་ཁའི་རྒྱལ་ཁབ་ནེར་ཇི་རིའི་ཁྲིམས་རྩོད་པས་ཏོག་ནད་ཐད་རྒྱ་གཞུང་ཁྲིམས་གཏུགས་བྱས་འདུག པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༤་ཚེས་༢༦་ཉིན། ནུབ་ཨ་ཧྥི་རི་ཁའི་རྒྱལ་ཁབ་ནེར་ཇི་རིའི(Nigeria)ཁྲིམས་རྩོད་པ་ཁག་ཅིག་ཟླ་སྒྲིལ་བྱས་ནས། ཏོག་བྱིབས་གཉན་སྲིན་གྱིས་རྒྱལ་ཁབ་དེའི་མིའི་ཚེ་སྲོག་དང་། དཔལ་འབྱོར། མདོར་ན་མིའི་ལུས་སེམས་གཉིས་ཀར་དཀའ་ངལ་བཟོས་ཡོད་པར་བརྟེན། རྒྱ་གཞུང་གིས་དེ་དག་གི་གུན་གསབ་ཏུ་ཨ་སྒོར་ཐེར་འབུམ་༢༠༠་སྤྲོད་དགོས་པའི་ཁྲིམས་གཏུགས་བྱས་འདུག

དེ་ཡང་། ནེར་ཇི་རིའི་ཉིན་རེའི་གསར་འགྱུར་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གོང་ཚེས་ཉིན། རྒྱལ་ཁབ་དེའི་ཁྲིམས་རྩོད་པ་ཁག་ཅིག་གིས་རྒྱ་གཞུང་གིས་ཏོག་ནད་འཛམ་གླིང་ཡོངས་ལ་ཁྱབ་བཅུག་པར་བརྟེན། ནེར་ཇི་རིའི་ནང་དུ་མིའི་ཚེ་སྲོག་ལ་ཉེན་ཁ་བཟོས་པ་དང་། དཔལ་འབྱོར་ལ་གྱོད་གུད་སྤྲད་པ། མི་མང་གི་ལུས་སེམས་གཉིས་ཀར་དཀའ་ངལ་བཟོས་པ། སྤྱི་ཚོགས་ལ་བརྡབ་གསིག་བཏང་བ། ཉིན་རེའི་འཚོ་བར་གནོད་སྐྱེལ་བ་བཅས་ཀྱི་གུན་གསབ་ལ་རྒྱ་གཞུང་གིས་ཨ་སྒོར་ཐེམ་འབུམ་༢༠༠་སྤྲད་དགོས་པའི་ཁྲིམས་གཏུགས་བྱས་འདུག

རྒྱ་གཞུང་ཁྲིམས་ལ་སྦྱོར་བ་འདི་རིམ་པ་གཉིས་ཀྱི་ཐོག་ནས་བྱེད་རྒྱུ་ཡིན་པར་གསལ། དང་པོ་ནི། ནེར་ཇི་རིའི་སྤྱི་མཐུན་ཆེས་མཐོ་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུགས་དང་། གཉིས་པ། ནེར་ཇི་རིའི་སྲིད་གཞུང་ལ་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ནས་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱེད་པའི་ནན་སྐུལ་བྱེད་རྒྱུ་དེ་ཡིན། ཞེས་འགྲེལ་བརྗོད་བྱས་འདུག

ཁྲིམས་རྩོད་པ་ཚོས་ཨ་སྒོར་ཐེར་འབུམ་༢༠༠་ཡི་གུན་གསབ་དེ་རྒྱ་ནག་གི་གཞུང་ཚབ་བརྒྱུད་ནས་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག

ཁྲིམས་གཏུགས་ཀྱི་ལས་འགུལ་འདི་ནི། ཨ་ཟིན་གྷི(Azinge)ཞེས་པའི་ཁྲིམས་ལུགས་ཚོགས་པས་འགོ་འཛུགས་བྱས་པ་ཞིག་ཡིན་པ་དང་། ཚོགས་པ་འདི་ནི་ནེར་ཇི་རི་དང་ཨ་ཧྥི་རི་ཁའི་སྐུ་ཚབ་བྱས་ནས་དབྱིན་ཡུལ་གྱི་རྒྱལ་སར་ཡོད་པའི་རྒྱལ་འབྲེལ་མཐུན་ཚོགས་ཀྱི་ཁྲིམས་ཞིབ་ཁང(the Commonwealth Arbitral Tribunal London )གི་ཁོངས་གཏོགས་ཡིན།

ད་སྔ་ནེར་ཇི་རི་ནང་དུ་ཏོག་དབྱིབས་གཉན་སྲིན་ཕོག་མཁན་མི་༡༢༧༣་དང་། དྲག་བསྐྱེད་བྱུང་བ་མི་༢༣༩། འདས་གྲོངས་སུ་ཕྱིན་པའི་མི་ནི་༤༠་ཡིན་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།