18
Thu, Apr

༢༠༢༠་ལོའི་ཟླ་༤་ཚེས་༢༡་ཉིན། རྒྱ་ནག་ནི་ཆེས་གསར་འགོད་རང་དབང་མེད་པའི་རྒྱལ་ཁབ་ཨང་བཞི་པར་བཏོན་པའི་ས་ཁྲ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༤་ཚེས་༢༡་ཉིན། ཧྥ་རན་སིར་རྟེན་གཞི་བྱས་པའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས། ༢༠༢༠་ལོའི་འཛམ་གླིང་རྒྱལ་ཁབ་༡༨༠་ཁྲོད་ནས་རྒྱ་ནག་ནི་ཆེས་གསར་འགོད་རང་དབང་མེད་པའི་རྒྱལ་ཁབ་ཨང་བཞི་པར་བཏོན་འདུག དེ་ནི་ཏོག་ནད་ཁྱབ་གདལ་ཕྱིན་པ་དང་གསར་འགོད་རང་དབང་ལ་ཐད་ཀར་འབྲེལ་བ་ཆགས་ཡོད་པར་འགྲེལ་བརྗོད་བྱས་འདུག

དེ་ཡང་། ༢༠༠༢་ལོ་ནས་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་༡༨༠་ནང་དུ་གསར་འགོད་རང་དབང་གི་གནས་བབ་ཐོག་ས་ཁྲ་སྟོན་བཞིན་ཡོད། ཟླ་འདིའི་ཚེས་༢༢་ཉིན། ༢༠༢༠་ལོའི་འཛམ་གླིང་གསར་འགོད་རང་དབང་གི་ས་ཁྲ་བཏོན་ཡོད་པ་དང་། དེའི་ནང་ནས་གསར་འགོད་རང་དབང་ལེགས་ཤོས་ཡོད་པའི་རྒྱལ་ཁབ་ནི་ནོར་ཝེ(Norway)་ཨང་དང་པོ་དང་། ཧྥི་ལིན(Finland)་ཨང་གཉིས་པ། ཌེན་མར་ཁི(Denmark)་ཨང་གསུམ་པ། སི་ཌན(Sweden)་ཨང་བཞི་པ། ནེར་ཌི་ལེན(Netherlands)་ཨང་ལྔ་པ་བཅས་ཡིན། དེ་ནས་གསར་འགོད་རང་དབང་མེད་པའི་རྒྱལ་ཁབ་སྡུག་ཤོས་ནི་བྱང་ཀོ་རི་ཡ་(North Korea)དང་། གཉིས་པ་ནི་ཊུར་ཁི་མེ་ནི་སི་ཐན(Turkmenistan)། གསུམ་པ་ནི་ཨེ་རེ་ཊི་རེ(Eritrea)། བཞི་པ་ནི་རྒྱ་ནག(China) ལྔ་པ་ནི་ཇི་བྷོ་ཌི(Djibouti)་བཅས་ཡིན།

རྒྱ་ནག་གིས་གསར་འགོད་རང་དབང་མི་སྤྲད་པའི་རྐྱེན་གྱིས་ཏོག་དབྱིབས་གཉན་སྲིན་འཛམ་གླིང་གང་སར་ཁྱབ་གདལ་ཤུགས་ཆེན་ཕྱིན་པ་རེད། གལ་སྲིད། རྒྱ་ནག་དུ་གསར་འགོད་རང་དབང་ཡོད་ཚེ་ནད་ཡམས་འདི་ཁྱབ་པར་འགྱུར་བ་གཏོང་བ་ཡང་ན་ཉུང་དུ་གཏོང་ཐུབ་ཡོད། ཅེས་དབྱིན་ཡུལ་དུ་ཡོད་པའི་རྒྱལ་མཚམས་མེད་པའི་མཐུན་ཚོགས་ཀྱི་འགན་འཛིན་རེ་བྷེ་ཁ་ཡིས་སྐྱོན་བརྗོད་བྱས་འདུག

༢༠༡༩་ལོའི་ནང་དུ། ཧོང་ཀོང་དུ་མང་གཙོ་དོན་གཉེར་བ་གཙོས་སློབ་ཕྲུག་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱེད་སྐབས། གསར་འགོད་པ་ཚོར་ཉེན་རྟོག་པས་གཅར་རྡུང་དང་འཛིན་བཟུང་། དེ་བཞིན་རྒྱ་ནག་ནང་དུ་གསར་འགོད་པ་ཚོ་འཛིན་བཟུང་དང་ཁྲིམས་ཐག་བཅད་པ། གཞན་བོད་ནང་གི་བོད་མི་རྣམས་ཀྱི་སྨྲ་བརྗོད་རང་དབང་བཀག་པ་བཅས་ཀྱི་དབང་གིས་༢༠༢༠་ལོར་རྒྱ་ནག་ནི་འཛམ་གླིང་ནང་ཆེས་གསར་འགོད་རང་དབང་མེད་པའི་རྒྱལ་ཁབ་ཨང་བཞི་པ་དེ་གྱུར་འདུག ༢༠༡༥་ལོ་ནས་ལོ་བཞི་བསྟུད་མར་རྒྱ་ནག་ནི་ཆེས་གསར་འགོད་རང་དབང་མེད་པའི་རྒྱལ་ཁབ་ཨང་ལྔ་པ་བཏོན་འདུག

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ནི་གཞུང་འབྲེལ་མིན་པའི་རྒྱལ་སྤྱིའི་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་འདིས་འཛམ་གླིང་རྒྱལ་ཁབ་ཁག་ནང་གསར་འགོད་རང་དབང་ལ་སྲུང་སྐྱོབ་དང་། རྒྱ་སྐྱེད་གཏོང་བ། རང་དབང་ལྡན་པའི་གསར་འགོད་ཡོང་ཐབས། གསར་འགོད་པར་སྲུང་སྐྱོབ་བཅས་བྱེད་ཀྱི་ཡོད་འདུག ཚོགས་པ་འདི་ནི་༡༩༨༥ ལོར་བཙུགས་པ་ཞིག་ཡིན་པ་དང་། ༢༠༠༢་ལོ་ནས་རྒྱལ་ཁབ་༡༨༠་ནང་དུ་གསར་འགོད་རང་དབང་གི་གནས་བབ་ཐོག་བརྟག་དཔྱད་བྱས་ནས་སྙན་ཐོ་ཡང་ན་ས་ཁྲ་བཟོས་ནས་རྒྱལ་ཁབ་དེ་དག་གི་ནང་གི་གསར་འགོད་རང་དབང་གི་གནས་བབ་མཚོན་ཐབས་བྱེད་ཀྱི་ཡོད།