19
Fri, Apr

རྒྱལ་ཁབ་མང་པོ་ཞིག་གིས་ཏོག་ནད་ཐད་རྒྱ་གཞུང་ལ་ཁྲིམས་གཏུགས་བྱས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༤་ཚེས་༢༡་ཉིན་སྤེལ། རྒྱ་གཞུང་ནས་ཏོག་ནད་ཐད་གནས་ཚུལ་སྦས་གསང་བྱས་པར་བརྟེན་ནས། འཛམ་གླིང་ཡོངས་ལ་འཕྲོད་བསྟེན་དང་དཔལ་འབྱོར་ཐོག་དཀའ་ངལ་ཤུགས་ཆེན་འཕྲད་ཡོད་སྟབས། སྟོབས་ཆེན་རྒྱལ་ཁབ་ཁག་གིས་རྒྱ་གཞུང་ལ་ཨ་སྒོར་འབུམ་ཕྲག་མང་པོའི་གུན་གསབ་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་པ་མ་ཟད་ཁྲིམས་གཏུགས་ཀྱང་བྱས་འདུག

དེ་ཡང་། རྒྱལ་སྤྱིའི་གསར་ཁང་སི་ཨན་ཨན་གཙོས་བརྒྱུད་ལམ་མང་པོ་ཞིག་གིས་གནས་ཚུལ་སྤེལ་བར་ལྟར་ན། ཨ་རི་གཙོས་དབྱིན་ལན་དང་། ཧྥ་རན་སི། འཇར་མན། ཨོ་གླིང་བཅས་ནས། རྒྱ་གཞུང་གིས་དང་ཐོག་ནས་ཏོག་ནད་ཐད་ཀྱི་གནས་ཚུལ་དྲང་པོ་མ་བརྗོད་པར་བརྟེན། ད་ལྟའི་བར་འཛམ་གླིང་མི་མང་འབུམ་གཅིག་ཁྲི་བདུན་ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། མི་ས་ཡ་གཉིས་དང་ཕྱེད་ཀ་ལྷག་ལ་ཏོག་ནད་ཕོག་ཡོད་པས། རྒྱ་གཞུང་གིས་དེའི་ཐོག་ངེས་པར་དུ་འགན་ཁུར་དགོས་པ་མ་ཟད། རྒྱལ་ཁབ་ཁག་ལ་ཏོག་ནད་རྐྱེན་གྱིས་མིའི་ཚེ་སྲོག་དང་དཔལ་འབྱོར་སོགས་ལ་གྱོང་གུད་ཐེབས་པར་གུན་གསབ་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག

ཟླ་འདིའི་ཚེས་༡༨་ཉིན། ཨ་རིའི་སྲིད་འཛིན་ཀྱིས་རྒྱ་ནག་གིས་ཏོག་དབྱིབས་གཉན་སྲིན་འདི་ཉེན་ཚབས་ཆེན་པོ་ཞིག་ཡིན་པ་ཤེས་བཞིན་དུ་སྦས་གསང་བྱས་ཡོད་པས། དེ་ལས་བྱུང་བའི་མཇུག་འབྲས་ལ་ངེས་པར་དུ་འགན་ཁུར་དགོས། ཞེས་བརྗོད་འདུག གཞན་ཡང་། ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཀྱང་གལ་སྲིད་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཏོག་ནད་དེ་ཝུ་ཧན་བརྟག་དཔྱད་ཁང་ནས་ཐོན་པ་ཡིན་པའི་ར་སྤྲོད་བྱུང་ན། ཏོག་ནད་ཀྱིས་ཨ་རིར་སྤྲད་པའི་གྱོང་གུད་ལ་རྒྱ་ནག་གིས་གུན་གསབ་ཆེན་པོ་སྤྲོད་དགོས་ཞེས་ཉེན་བརྡ་བཏང་འདུག

དེ་བཞིན་ཨ་རིའི་མངའ་སྡེ་ཧྥོ་ལོ་རི་ཌའི་ནང་དུའང་། ཨ་རིའི་ཁྲིམས་རྩོད་པའི་ཚོགས་པ(Berman Law Group)ཞེས་པས་འགོ་བཙུགས་ཏེ། མི་མང་སྟོང་ཕྲག་ཁ་ཤས་ཤིག་གིས་མཚན་རྟགས་བརྒྱབ་པའི་ཁྲིམས་གཏུགས་ཀྱི་ལས་འགུལ་ཞིག་འགྲོ་བཞིན་ཡོད་ཅིང་། ཁྲིམས་གཏུགས་ཀྱི་ལས་འགུལ་དེ་ལྟར་ན། རྒྱ་གཞུང་ལ་ཏོག་ནད་སྔོན་འགོག་གི་གོ་སྐབས་དང་ནུས་པ་ཡོད་ཀྱང་། ནད་དུག་འདིའི་ཉེན་ཚབས་སྦས་གསང་བྱས་པའི་རྐྱེན་གྱིས་མི་མང་གི་ཚེ་སྲོག་དང་། འཕྲོད་བསྟེན། དཔལ་འབྱོར་སོགས་ལ་དཀའ་ངལ་དང་གྱོང་གུད་ཤུགས་ཆེན་ཐེབས་པར་ཨ་སྒོར་འབུམ་ཕྲག་འགའ་གུན་གསབ་སྤྲོད་དགོས་པར་བརྗོད་འདུག

ཟླ་འདིའི་ཚེས་༢༠་ཉིན། འཇར་མན་གྱི་ཚགས་ཤོས་ཆེ་ཤོས་བྷི་ལི(Bild)་ཡིས་རྒྱབ་ཁབ་དེའི་ནང་ཏོག་ནད་ཀྱི་དབང་གིས་དཔལ་འབྱོར་གྱོང་གུད་ཐེབས་པ་ཚོད་རྩིས་བྱས་ཏེ། ཡོ་སྒོར་ཐེར་འབུམ་བརྒྱ་དང་སུམ་ཅུ་ཡི་འཛིན་ཡིག་ཞིག་རྒྱ་གཞུང་ལ་བཏང་འདུག

གཞན་ཡང་། ཟླ་འདིའི་ཚེས་༡༩་ཉིན། ཨོ་གླིང་ཕྱི་སྲིད་བློན་ཆེན་གྱིས་རྒྱ་གཞུང་གིས་ངེས་པར་དུ་རྒྱལ་སྤྱིའི་ཞིབ་འཇུག་པ་རྒྱ་ནག་ཏུ་བཏང་སྟེ་ཏོག་ནད་ཀྱི་འབྱུང་ཁུངས་དང་དེའི་ཁྱབ་སྟངས་བཅས་ཀྱི་སྐོར་ལ་རྟོག་ཞིབ་བྱེད་དགོས་པའི་དགོས་འདུན་བཏོན་འདུག ད་དུང་ཁོང་གིས་རྒྱ་གཞུང་ནས་ཏོག་ནད་ཐད་ཀྱི་གནས་ཚུལ་ཕྱི་གསལ་ནང་གསལ་དགོས་པ་གལ་ཆེན་པོ་རེད། ཨོ་གླིང་གིས་དེའི་ཐོག་མུ་མཐུད་ནས་ནན་སྐུལ་བྱ་རྒྱུ་ཡིན་པར་བསྒྲགས་འདུག

དེ་བཞིན། ཟླ་འདིའི་ཚེས་༡༧་ཉིན། ཧྥ་རན་སི་སྲིན་འཛིན་གྱིས་རྒྱ་ནག་གིས་ཏོག་ནད་ཐད་གདོང་ལེན་ཡག་པོ་བྱས་ཡོད་རེད་ཅེས་བཅོས་མིན་ཐོག་བརྗོད་རྒྱུ་མེད། གང་ཡིན་ཟེར་ན་ང་ཚོས་རྒྱ་ནག་ཏུ་ཏོག་ནད་ཀྱི་སྐོར་ནས་གང་བྱུང་ཡོད་མེད་ཤེས་ཀྱི་མེད། མང་གཙོ་རྒྱལ་ཁབ་དང་ཕྱི་གསལ་ནང་གསལ་ཡིན་པའི་སྤྱི་ཚོགས་ནང་དུ་བྱུང་བའི་གནས་ཚུལ་དང་དྲང་བདེན་སྦས་གསང་བྱས་པའི་རྒྱལ་ཁབ་བར་བསྡུར་ཐབས་མེད། དེར་བརྟེན། ང་ཚོས་རྒྱ་གཞུང་གིས་ཏོག་ནད་ཐད་བརྗོད་པའི་སྐད་ཆ་ཡིད་ཆེས་ལས་སླ་བོར་བྱེད་རྒྱུ་མེད། ཅེས་བརྗོད་འདུག

དེ་ནས་ཟླ་འདིའི་ཚེས་༦་ཉིན། དབྱིན་ཇིའི་ཕྱི་འབྲེལ་སྲིད་བྱུས་ཉམས་ཞིབ་ཁང(the Henry Jackson Society)གིས་ཞིབ་འཇུག་བྱས་པ་ལྟར་ན། རྒྱ་གཞུང་ལ་ཏོག་ནད་འདིའི་ཉེན་ཚབས་ཆུང་དུ་གཏོང་བའི་ནུས་པ་ཡོད་མོད། འོན་ཀྱང་། རྒྱ་གཞུང་གིས་དོན་དངོས་སྦས་གསང་བྱས་ནས་འཛམ་གླིང་མི་མང་ལ་དཀའ་ངལ་ཤུགས་ཆེན་འཕྲད་བཅུག་ཡོད། དེ་བཞིན་ཏོག་ནད་ཀྱི་རྐྱེན་པས་སྟོབས་ཆེན་རྒྱལ་ཁབ་བདུན(G7)་ལ་ དཔལ་འབྱོར་ཐོག་ནས་གྱོང་གུད་ཧ་ཅང་ཆེན་པོ་ཐེབས་ཡོད། དེ་ནི་རྒྱ་གཞུང་གིས་འཛམ་གླིང་མི་མང་གི་འཕྲོད་བསྟེན་དང་དཔལ་འབྱོར་ལ་འགན་མ་ཁུར་བའི་མཇུག་འབྲས་རེད། དེར་བརྟེན། ཏོག་ནད་ཀྱིས་དབྱིན་ཇི་ལ་སྤྲད་པའི་གྱོང་གུད་ཀྱི་ཐད་ནས། རྒྱ་གཞུང་གིས་དབྱིན་ཇི་ལ་གུན་གསབ་ཡོ་རོབ་སྒོར་མོ་ཐེར་འབུམ་སུམ་བརྒྱ་ལྔ་བཅུ་ང་གཅིག་སྤྲོད་དགོས་པའི་དགོས་འདུན་བཏོན་པ་མ་ཟད། རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཁྲིམས་ཁང་དུ་ཁྲིམས་གཏུག་བྱ་རྒྱུ་ཡིན་པའི་སྐོར་ཡང་བརྗོད་འདུག

ད་དུང་། ཟླ་འདིའི་ཚེས་༤་ཉིན། དབྱིན་ཡུལ་དུ་ཡོད་པའི་རྒྱལ་སྤྱིའི་ཁྲིམས་ལུགས་ལྷན་ཁང་དང་རྒྱ་གར་རྒྱལ་ཡོངས་ཁྲིམས་རྩོད་ལྷན་ཁང་(the International Council of Jurists (ICJ) and All India Bar Association (AIBA)་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་རྒྱ་གཞུང་གིས་ཏོག་ནད་འཛམ་གླིང་ཡོངས་ལ་ཁྱབ་བཅུག་ནས་མིའི་འཕྲོད་བསྟེན་དང་དཔལ་འབྱོར་བཅས་ལ་གྱོང་གུད་ཆེན་པོ་ཐེབས་པར་གུན་གསབ་སྤྲོད་དགོས་པའི་ཁྲིམས་གཏུགས་བྱས་འདུག

མདོར་ན། རྒྱ་གཞུང་གིས་ཏོག་ནད་ཀྱི་ཉེན་ཚབས་སྦས་གསང་བྱས་པ་མ་ཟད། མི་མང་གི་སྨྲ་བརྗོད་རང་དབང་ལ་བཀག་སྡོམ་བྱས་ཡོད་སྟབས། ནད་ཡམས་འདི་ད་ལྟར་འཛམ་གླིང་གི་རྒྱལ་ཁབ་ཉིས་བརྒྱ་བཅུའི་ནང་དུ་ཁྱབ་སྟེ། ད་ལྟའི་བར་མི་འབུམ་གཅིག་ཁྲི་བདུན་ལྷག་གི་ཚེ་སྲོག་ཤོར་བ་དང་། མི་ས་ཡ་གཉིས་དང་ཕྱེད་ཀ་ལྷག་ལ་ནད་ཡམས་དེ་ཕོག་ཡོད། ད་དུང་། མིའི་སེམས་ཁམས་དང་འཕྲོད་བསྟེན་ལའང་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པ་མ་ཟད། དཔལ་འབྱོར་གྱི་ཐད་ལའང་གྱོང་གུད་ཆེན་པོ་ཐེབས་ཡོད། དེར་བརྟེན། ཨ་རི་གཙོས་ཧྥ་རན་སི་དང་། འཇར་མན། དབྱིན་ཡུལ། ཉི་ཧོང་། ཨོ་གླིང་། ཨེ་སི་རི་ལ། རྒྱ་གར་སོགས་ཀྱི་ཁྲིམས་རྩོད་པ་དང་། ཁྲིམས་བཟོ་བ། ཆབ་སྲིད་པ། སྤྱི་སྒེར་གྱི་ཚོགས་པ། གཞུང་དང་སྒེར་བཅས་ནས། རྒྱ་གཞུང་ལ་གོད་ཆག་དང་གྱོང་གུད་དེ་དག་གི་འགན་ཁུར་དགོས་པའི་ཁྲིམས་གཏུགས་དང་ཨ་སྒོར་དང་ཡོ་སྒོར་འབུམ་ཕྲག་མང་པོའི་གུན་གསབ་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག