16
Tue, Apr

འཇར་མན། ཐེ་ཝན། ནུའུ་ཛི་ལན། ཧྥི་ལན་ཁྲི། ཨེ་སི་ལན་བཅས་ཀྱི་བུད་མེད་འགོ་ཁྲིད་རྣམ་པ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༤་ཚེས་༡༥་ཉིན་སྤེལ། ཝུ་ཧན་ཏོག་དབྱིབས་གཉན་སྲིན་རྐྱེན་གྱིས་ད་ལྟར་འཛམ་གླིང་ལ་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་པའི་དུས་འདིར། བུད་མེད་འགོ་ཁྲིད་ཡིན་པའི་རྒྱལ་ཁབ་ཐེ་ཝན་དང་། འཇར་མན། ནུའུ་ཛི་ལན། ཧྥི་ལན་ཁྲི། ཨེ་སི་ལན་ཁྲི་བཅས་ཀྱིས་ཏོག་ནད་ལ་གདོང་ལེན་ཐབས་མཁས་བྱས་པར་བརྟེན། ད་སྔའི་གནས་ཚུལ་ལྟར་ན། རྒྱལ་ཁབ་དེ་དག་ཏུ་འདས་གྲོངས་སུ་ཕྱིན་པའི་མི་གྲངས་ཧ་ཅང་ཉུང་།

དེ་ཡང་། རྒྱལ་སྤྱིའི་གསར་ཁང་སི་ཨན་ཨན་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ཁབ་ཀྱི་འགོ་ཁྲིད་བུད་མེད་ཡིན་པའི་ཐེ་ཝན་དང་། འཇར་མན། ནུའུ་ཛི་ལེན། ཧྥི་ལེན་ཁྲི། ཨེ་སི་ལེན་ཁྲི་བཅས་ཀྱིས་ཏོག་དབྱིབས་གཉན་སྲིན་ལ་གདོང་ལེན་ཐབས་མཁས་བྱས་ཡོད་སྟབས། ཏོག་ནད་ཕོག་མཁན་རྒྱལ་ཁབ་གཞན་ལས་ཉུང་བ་ཡོད་པ་མ་ཟད། འདས་གྲོངས་སུ་ཕྱིན་པའི་མི་གྲངས་ཀྱང་ཤིན་ཏུ་ཉུང་།

རྒྱལ་ཁབ་དེ་དག་གིས་ནད་ཡམས་དེར་གདོང་ལེན་བྱེད་སྟངས་གཙོ་བོ་ཁག་ནི། དང་པོ། ཏོག་ནད་ཁྱབ་མ་ཐག་རྒྱལ་མཚམས་བཀག་སྡོམ་བྱས། གཉིས་པ། རྒྱལ་ཁབ་ནང་དུ་ཐེམ་སྤང་བཀའ་རྒྱ་ཕེབས། གསུམ་པ། ནད་དུག་ལས་སྐྱོབ་ཆེད་སྔ་ས་ནས་མཁོ་ཆས་གྲ་སྒྲིག་གནང་། བཞི་པ། མི་མང་ལ་ཏོག་ནད་ཀྱི་གོ་རྟོགས་ལེགས་པོ་སྤེལ། ལྔ་པ། ནད་ཡམས་སྔོན་འགོག་གི་བརྟག་དཔྱད་ཤུགས་ཆེན་བྱས། དྲུག་པ། མང་གཙོ་རྒྱལ་ཁབ་དེ་དག་གི་མི་མང་ནས་གཞུང་ལ་ཡིད་ཆེས་ཤུགས་ཆེན་བྱེད། བདུན་པ། མི་མང་གི་ཚེ་སྲོག་དཔལ་འབྱོར་ལས་གལ་ཆེ་བར་རྩིས།

དེ་ཡང་། ཐེ་ཝན་(Taiwan)གྱིས་ཏོག་ནད་ལ་གདོང་ལེན་ལེགས་ཤོས་གནང་ཡོད། རྒྱ་ནག་ཝུ་ཧན་དུ་ཐོག་མར་ཏོག་ནད་ཁྱབ་སྐབས། ཐེ་ཝན་རྒྱ་ནག་དང་ཐག་ཉེ་སྟབས་ཐེ་ཝན་ལ་ཏོག་ནད་ཀྱི་ཉེན་ཁ་ཆེ་བའི་སྐོར་གསར་ལམ་ཁག་ཏུ་ཚོད་དཔག་གནང་ཡོད། འོན་ཀྱང་། སྐབས་དེར་ཐེ་ཝན་སྲིད་འཛིན་ཚད་དབྱིང་ཝིང་(Tsai Ing-wen)གིས་ལམ་སང་རྒྱ་ནག་དང་། ཝུ་ཧན། ཧྲང་ཧེད། ཨོ་མིན་བཅས་ཀྱི་གནམ་གྲུའི་འགྲོ་འོང་བཀག་པ་དང་། དེ་ནས་ནད་ཡམས་བཀོད་འདོམས་ལྟེ་གནས་ཞེས་པ་ཞིག་བཙུགས། ནད་དུག་དེ་ལས་སྲུང་སྐྱོབ་བྱེད་ཆེད་མི་མང་ལ་མཁོ་ཆས་གྲ་སྒྲིག་གནང་། དེར་བརྟེན། ཐེ་ཝན་ནང་དུ་ནད་དུག་ཕོག་མཁན་མི་སུམ་བརྒྱ་གོ་གསུམ་ལས་བྱུང་མེད། མི་དྲུག་འདས་གྲོངས་སུ་ཕྱིན།

དེ་ནས་འཇར་མན་ལ་ཆ་བཞག་ན། སྲིད་འཛིན་ཨན་ཇི་ལ-མར་ཁི་(Angela Merkel)ཀྱིས་དང་ཐོག་ནས་ནད་ཡམས་དེ་ཉེན་ཚབས་ཅན་ཞིག་ཡིན་པས། ཚང་མས་ངེས་པར་དོགས་ཟོན་བྱོས་ཞེས་སྐུལ་མ་བཏང་ཡོད་པ་ལྟར། མི་མང་གིས་ཀྱང་་སྲིད་འཛིན་གྱི་ཁར་ཉན་ཡོད། དེ་ནས་ཁོང་མོ་དང་ཁོང་མའི་གཞུང་གིས་མང་ཚོགས་ལ་ཏོག་ནད་ཐད་ནས་བརྟག་དཔྱད་རྒྱ་ཆེན་བྱས་ཡོད་པ་མ་ཟད། ད་དུང་དམིགས་བསལ་སྨན་བཅོས་ཆེད་ཉལ་ཁྲིའང་མང་པོ་གྲ་སྒྲིག་བྱས། འཇར་མན་ནི་ཡུ་རོབ་རྒྱལ་ཁབ་ཁག་གི་ནང་ནས་མང་ཚོགས་ལ་ཏོག་ནད་ཐད་ནས་བརྟག་དཔྱད་བྱེད་མཁན་མང་ཤོས་གྲས་ཡིན། དེར་བརྟེན། མི་འབོར་ས་ཡ་བརྒྱད་ཅུ་གྱ་གསུམ་ཡོད་པའི་འཇར་མན་ལ་ནད་ཡམས་ཕོག་མཁན་ཆིག་འབུམ་སུམ་ཁྲི་ཉིས་སྟོང་དང་། འདས་གྲོངས་སུ་སོང་བའི་གྲངས་ནི་སུམ་སྟོང་ཉིས་བརྒྱ་ལྔ་བཅུ་ང་བཞི་ཡིན། 

དེ་བཞིན། ནུའུ་ཛི་ལན་(New Zealand)གྱི་སྲིད་བློན་ཇ་སིན་ཌ་-ཨར་ཌེན་(Jacinda Arden)གྱིས་རྒྱལ་ཁབ་དེའི་ནང་ཏོག་ནད་ཕོག་མཁན་ཉུང་ཉུང་ལས་མེད་སྐབས། རྒྱལ་མཚམས་བཀག་སྡོམ་དང་ཐེམ་སྤང་བཀའ་རྒྱ་བཏང་། མི་མང་ལ་ནད་ཡམས་དེའི་སྐོར་གོ་རྟོགས་སྤེལ། རྒྱལ་ཁབ་དེའི་མི་སེར་ཕྱིར་ལོག་སླེབས་མཁན་ཚང་མ་ཉིན་བཅུ་བཞིའི་རིང་ཟུར་བཀག་བྱེད་པའི་སྡོད་ཁང་བསྐྲུན། དེར་བརྟེན། རྒྱལ་ཁབ་དེར་ད་སྔ་ཏོག་ནད་ཕོག་མཁན་མི་ཆིག་སྟོང་སུམ་བརྒྱ་ལྷག་བྱུང་ཡོད་ཀྱང་། མི་དགུ་ལས་འདས་གྲོངས་སུ་ཕྱིན་མི་འདུག

གཞན་ཡང་། ཧྥི་ལན་(Finland)གྱི་སྲིད་བློན་སན་ན-མར་རིན(Sanna Marin)་ནི་འཛམ་གླིང་གི་ལོ་ན་ཆུང་ཤོས་ཀྱི་སྲིད་བློན་ཡིན། ཏོག་དབྱིབས་ནད་དུག་རྒྱལ་ཁབ་དེའི་ནང་ཁྱབ་རྗེས། རྒྱལ་ནང་ཐེམ་སྤང་བཀའ་རྒྱ་བཏང་བ་དང་། རྒྱལ་མཚམས་བཀག་སྡོམ་བྱས། དེ་ནས་སྲིད་བློན་གྱིས་མི་ཚང་མས་གསར་འགྱུར་ཀློག་གི་མེད་པ་དང་དམིགས་བསལ་ན་གཞོན་ཚོས་སྤྱི་ཚོགས་དྲ་རྒྱ་ཁོ་ནར་དོ་སྣང་བྱེད་ཀྱི་ཡོད་པ་ཤེས་པས། ཁོང་མོས་སྤྱི་ཚོགས་དྲ་རྒྱའི་ཐོག་ཤུགས་རྐྱེན་ཡོད་པའི་སྒྱུ་རྩལ་པ་སོགས་གདན་འདྲེན་ཞུས་ཏེ། ཏོག་དབྱིབས་གཉན་སྲིན་གྱི་སྐོར་གོ་རྟོགས་སྤེལ་བ་དང་གདོང་ལེན་བྱེད་སྟངས་ཐོག་ལས་འགུལ་སྤེལ། ད་སྔ་ཧྥི་ལན་དུ་ཏོག་ནད་ཕོག་མཁན་སུམ་སྟོང་བརྒྱ་དང་དྲུག་ཅུ་རེ་གཅིག་དང་། འདས་གྲངས་སུ་ཕྱིན་པའི་གྲངས་ལྔ་ཅུ་ང་དགུ་ཡིན། དེ་ནི་ཡུ་རོབ་རྒྱལ་ཁབ་གཞན་དང་བསྡུར་ན་ཧ་ཅང་ཉུང་ཉུང་ཡིན།

དེ་ནས་ཨེ་སི་ལན་(Iceland)ནང་། སྲིན་བློན་ཁཱ་རིན-ཇ་ཀོ་ཌོ་ཊིར་(Katrín Jakobsdóttir)་གྱི་འགོ་ཁྲིད་འོག མང་ཚོགས་ལ་ཏོག་ནད་ཐད་ནས་བརྟག་དཔྱད་རིན་མེད་ཐོག་བྱེད་ཀྱི་ཡོད་པ་དང་། ད་བར་རྒྱལ་ཁབ་དེའི་མི་འབོར་བརྒྱ་ཆའི་དྲུག་ལ་བརྟག་དཔྱད་ཟིན་པ་དང་། དེ་ནི་མི་གྲངས་ཉིས་ཁྲི་སྟོང་མེད་དགུ་བརྒྱ་སུམ་ཅུ་ཡིན། ཁོ་ཚོས་ཐེམ་སྤང་བཀའ་རྒྱ་བཏང་མེད་ཀྱང་། མི་མང་འདུ་འཛོམས་སྤོང་དགོས་པ་དང་། སྤྱི་ཚོགས་རྒྱང་བཀྱེད་བྱེད་དགོས་ཡོད། ད་སྔ་ཏོག་ནད་ཕོག་མཁན་ཆིག་སྟོང་བདུན་བརྒྱ་ཉི་ཤུ་དང་། དེའི་ཁྲོད་མི་དགུ་བརྒྱ་བརྒྱད་ཅུ་གྱ་དགུ་དྲག་སྐྱེད་བྱུང་བ་དང་། མི་བརྒྱད་ལས་འདས་གྲོངས་སུ་ཕྱིན་མེད།

མདོར་ན། ཡུ་རོབ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་(Nordic countries)ལྔ་ཡོད་པའི་ནང་ནས་རྒྱལ་ཁབ་བཞིའི་གཙོ་འཛིན་བུད་མེད་ཡིན། ཁོང་མོ་ཚོས་ཐབས་ཤེས་འདྲ་མིན་གྱི་ཐོག་ནས་རང་གི་རྒྱལ་ཁབ་ནང་དུ་ཏོག་དབྱིབས་གཉན་སྲིན་ལ་སྔོན་འགོག་དང་གདོང་ལེན་བྱས། དེར་བརྟེན། ཡུ་རོབ་རྒྱལ་ཁབ་ཁག་གི་ནང་ནས་ཁོང་མོ་ཚོའི་རྒྱལ་ཁབ་ནང་ཏོག་ནད་ཕོག་མཁན་དང་འདས་གྲོངས་སུ་ཕྱིན་པའི་ཁ་གྲངས་ཧ་ཅང་ཉུང་། འོན་ཀྱང་། ཡུ་རོབ་ནུབ་ཕྱོགས་རྒྱབ་ཁབ་སི་ཌན(Sweden)་གྱི་སྲིད་བློན་སི་ཊེ་ཧྥན་ལོ་ཧྥ་ཝན( Stefan Löfven)་གྱིས་ཁོ་ཚོའི་རིག་གཞུང་ནང་ནད་ཡམས་དེ་འགོག་པའི་ནུས་པ་ཡོད་པར་བརྗོད་དེ་ཐེམ་སྤང་བཀའ་རྒྱ་ཕེབས་མེད་སྟབས། མི་རྣམས་ཀྱིས་ཚོང་ལས་ཀྱི་བྱ་བ་མུ་མཐུད་ནས་གཉེར་བཞིན་ཡོད། མིའི་ཚེ་སྲོག་ལས་དཔལ་འབྱོར་གལ་ཆེན་རྩིས་པས། ད་སྔ་སི་ཌན་ནང་ཏོག་ནད་ཕོག་མཁན་ཆིག་ཁྲི་ཆིག་སྟོང་དགུ་བརྒྱ་ཉི་ཤུ་རྩ་བདུན་བྱུང་བ་དང་། མི་ཆིག་སྟོང་ཉིས་བརྒྱ་བཅུ་མེད་གསུམ་འདས་གྲོངས་སུ་ཕྱིན། དེ་ནི་སྐྱེས་པ་འགོ་ཁྲིད་ཞིག་གིས་ཐག་གཅོད་ལས་བྱུང་བའི་གནས་ཚུལ་ཞིག་རེད།