20
Sat, Apr

དམར་ཕྱོགས་ཚོགས་པའི་ཚོགས་མི་རེན་ཀྲི་ཆང་། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༤་ཚེས་༩་ཉིན་སྤེལ། ཝུ་ཧན་ཏོག་དབྱིབས་གཉན་སྲིན་འབྱུང་སྐབས། རྒྱ་གཞུང་གིས་དེའི་དངོས་ཡོད་གནས་ཚུལ་སྦས་གསང་བྱས་ཏེ་ནད་དུག་དེ་གང་སར་ཁྱབ་ནས་མིའི་ཚེ་སྲོག་དང་རྒྱུ་ནོར་སོགས་ལ་གོད་ཆག་ཤུགས་ཆེན་བྱུང་བར་བརྟེན། དམར་ཕྱོགས་ཚོགས་པའི་ཚོགས་མི་རེན་ཀྲི་ཆང་གིས་སྐྱོན་བརྗོད་ཀྱི་རྩོམ་ཡིག་ཅིག་སྤེལ་ཏེ། རྒྱ་ནག་མི་མང་ཐེངས་འདིའི་དཀའ་ངལ་ལ་འཕྲད་པའི་ཉམས་མྱོང་བརྒྱུད། རྒྱ་གཞུང་གིས་མི་མང་ལ་སླར་ཡང་མགོ་སྐོར་གཏོང་ཐུབ་རྒྱུ་མ་རེད། ཅེས་བརྗོད་འདུག

དེ་ཡང་། ཞི་ཅིང་ཕིང་གཙོས་པའི་རྒྱ་གཞུང་གིས་ཏོག་དབྱིབས་གཉན་སྲིན་ལ་གདོང་ལེན་བྱེད་པའི་ཐད་ནས། རྒྱ་ནག་ནང་ཁུལ་དུ་གསང་རྒྱ་དང་རྒྱལ་སྤྱིའི་སྒང་ལ་སྦས་གསང་བྱས་པ། གུང་ཁྲན་ཏང་གི་ཁེ་ཕན་ཆེད་འཛམ་གླིང་གི་འཕྲོད་བསྟེན་ལྷན་ཁང་ལ་སྐྱག་རྫུན་བཤད་པ་བཅས་ལ་བརྟེན་ནས། ཀུན་ལ་གོད་ཆག་དང་སྡུག་བསྔལ་ཚད་མེད་བཟོས། དེར་བརྟེན། དམར་ཕྱོགས་ཚོགས་པའི་ཚོགས་མི་རེན་ཀྲི་ཆང་(任志强)གིས་ཞི་ཅིང་ཕིང་གཙོས་པའི་རྒྱ་གཞུང་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་ཅིག་སྤེལ་མཐར། འདི་ལོའི་ཟླ་༣་ཚེས་༡༢་ནས་ཁོ་གར་སོང་ཆ་མེད་གྱུར་འདུག ཡིན་ནའང་། ཟླ་འདིའི་ཚེས་༧་ཉིན། སྲིད་གཞུང་གིས་ཁོ་རང་རྒྱལ་ཁབ་ཀྱི་ཁྲིམས་དང་སྒྲིག་ལམ་ལ་ཚབས་ཆེར་འགལ་ཡོད་པར་བརྟེན། འདྲི་ཞིབ་བྱེད་བཞིན་ཡོད་པའི་གསལ་བསྒྲགས་སྤེལ་འདུག

རེན་ཀྲི་ཆང་གི་རྩོམ་ཡིག་དེ་སྤྱི་ཚོགས་དྲ་རྒྱའི་ཐོག་དོ་སྣང་ཤུགས་ཆེན་དང་བརྒྱུད་སྐུལ་བྱེད་མཁན་མང་པོ་བྱུང་ཡོད་འདུག རྩོམ་ཡིག་དེའི་ནང་གསལ་དོན། རྒྱ་གཞུང་གིས་ཏོག་དབྱིབས་གཉན་སྲིད་ཐོག་མར་ཁྱབ་སྐབས་དེའི་གནས་ཚུལ་སྦས་གསང་བྱས། དེ་ནས་གཞུང་གིས་དབང་ཤུགས་སྤྱོད་དེ་ཝུ་ཧན་གྲོང་ཁྱེར་སྒོ་བརྒྱབ། དེ་བཞིན་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་ཡིད་ཆེས་ཐོབ་ཆེད་ནད་དུག་དེའི་གདོང་ལེན་བྱེད་སྟངས་ཐོག་རྫུན་བཤད། སྐབས་དེར་རྒྱ་གཞུང་གི་བྱེད་སྟངས་དེར་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཀྱང་བསྟོད་བསྔགས་རེག་ཡོད།

འོན་ཀྱང་། རྒྱ་ནག་མི་མང་ཐེངས་འདིའི་དཀའ་ངལ་ལ་འཕྲད་པའི་ཉམས་མྱོང་བརྒྱུད། རྒྱ་གཞུང་གིས་མི་མང་ལ་སླར་ཡང་མགོ་སྐོར་གཏོང་ཐུབ་རྒྱུ་མ་རེད། སྨྲ་བརྗོད་རང་དབང་ཡོད་པའི་རྒྱལ་ཁབ་ནང་དུ་གནས་པའི་མི་རྣམས་ཀྱིས། གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་མེད་པའི་རྒྱལ་ཁབ་ནང་དུ་འཚོ་བའི་མི་རྣམས་ཀྱི་སྡུག་བསྔལ་རྟོགས་ཀྱི་མ་རེད། རྒྱ་ནག་མི་མང་གི་དཀའ་སྡུག་ནི་བྱུང་མི་དགོས་པའི་ནད་དུག་དེ་ཁྱབ་པ་དང་དེའི་རྗེས་བྱུང་བའི་དངོས་ཡོད་གནས་ཚུལ་རྣམས་ཤེས་བཞིན་དུ་བརྗོད་མི་ཐུབ་པ་དེ་རེད། དེའི་རྒྱུ་མཚན་ནི་རྒྱ་ནག་མི་མང་གསར་འགོད་དང་སྨྲ་བརྗོད་རང་དབང་ལ་བཀག་སྡོམ་ཤུགས་ཆེན་བྱེད་པའི་ལམ་ལུགས་ཤིག་གི་ནང་དུ་གནས་ཡོད།

ཁྱོད་ཀྱིས་དངོས་ཡོད་གནས་ཚུལ་མཐོང་ཐུབ། ནད་ཡམས་དེའི་ཁྲོད། དམར་ཕྱོགས་ཚོགས་པས་རང་གི་ཁེ་ཕན་སྲུང་སྐྱོབ་བྱས་ཡོད་ལ། གཞུང་གི་ལས་བྱེད་པ་ཚོས་ཀྱང་རང་གི་ཁེ་ཕན་སྲུང་སྐྱོབ་བྱས་ཡོད། ད་དུང་གཞུང་གི་མཐོ་རིམ་མི་སྣ་ཚོས་ཀྱང་རང་གི་གོ་གནས་དང་ཁེ་ཕན་སྲུང་སྐྱོབ་བྱས་ཡོད། བྱེད་ཐངས་འདི་ནི་མི་མང་གི་བདེ་སྡུག་ཡལ་བར་དོར་ཏེ་རྒྱལ་པོ་ཁོ་ནའི་དབང་ཐང་དང་ལས་དབང་གཙོ་བོར་འཛིན་པའི་ལམ་ལུགས་དང་ཤིན་ཏུ་མཚུངས་པ་ཞིག་རེད། ནད་ཡམས་དེ་ཁྱབ་སྐབས་མི་སུ་གཅིག་གིས་ཀྱང་དབང་འཛིན་པ་མཐོ་ཤོས་ཀྱི་བཀའ་མེད་པར་དེའི་སྐོར་མི་མང་ལ་ཤོད་ཕོད་མེད། མི་སུ་གཅིག་གིས་ཀྱང་དངོས་ཡོད་གནས་ཚུལ་མི་མང་ལ་ཤོད་ཕོད་ཀྱི་མེད། གལ་ཏེ་དངོས་ཡོད་གནས་ཚུལ་བཤད་ཚེ། དངོས་ཡོད་གནས་ཚུལ་དེ་ཕྱིར་མི་ཤོར་བའི་ཆེད་དུ། ཉེན་རྟོག་པས་དཀྲོག་གཏམ་སྤེལ་མཁན་རེད་ཟེར་ནས་འཛིན་བཟུང་བྱེད། དེར་བརྟེན་ནས། ཏོག་དབྱིབསགཉན་སྲིན་གང་སར་ཁྱབ་ཏེ་འགོག་ཐབས་མེད་པར་ཆགས་པ་རེད། ཅེས་བྲིས་འདུག

རེན་ཀྲི་ཆང་གི་དྲ་མིང་ལ་མེ་སྒྱོགས་ཆེན་པོ་ཞེས་བཏགས་ཡོད་ཅིང་། ཁོ་ནི་རྒྱ་ནག་ནང་དུ་ཡོད་པའི་རྒྱ་གཞུང་ལ་ཡུན་རིང་ལ་སྐྱོན་བརྗོད་ བྱེད་མཁན་ཁྲོད་ནས་གཅིག་ཡིན། ཁོ་ལ་ཝེི་བྷོ(རྒྱ་ནག་གི་མཉེན་ཆས)་ཐོག་རྗེས་འཇུག་པ་ས་ཡ་༣༧་ཡོད་འདུག འོན་ཀྱང་། ༢༠༡༦་ལོར་ཁོས་གསར་འགོད་བརྒྱུད་ལམ་གྱིས་རྒྱ་ནག་མི་མང་ལ་ཞབས་ཞུ་སྒྲུབ་རྒྱུའི་ཚབ་ཏུ་ཞི་ཅིང་ཕིང་གིས་འགོ་ཁྲིད་པའི་དམར་ཕྱོགས་ཚོགས་པའི་རྟོག་ཞིབ་འོག་ཏུ་ཡོད་པའི་ཤིང་ཧ་དང་། མི་མང་ཉིན་རེའི་གསར་ཁང་། སི་སི་བརྙན་འཕྲིན་སོགས་དང་འདྲ་བར་ཞབས་ཞུ་སྒྲུབ་མི་རུང་། ཞེས་རང་གི་ ཝེ་བྷོ་སྟེང་བཀོད་རྗེས། རྒྱ་གཞུང་གིས་ཁོའི་ཝེ་བྷོ་ཁ་བྱང་ནག་སུབ་བཏང་འདུག

དེ་ནས་བཟུང་།། རེན་ཀྲི་ཆང་རྒྱུན་དུ་རྒྱ་གཞུང་གི་རྟོག་ཞིབ་འོག་ཏུ་གནས་ཡོད་ཀྱང་། ཁོ་རང་གི་གྲོགས་པོ་ཚོ་དང་མཉམ་དུ་སྐད་ཆ་ཤོད་བཅུག་གི་ཡོད་འདུག ཐེངས་འདི་ཁོ་ཡི་སྐྱོན་བརྗོད་ཀྱི་རྩོམ་ཡིག་དེ་གྲོགས་པོ་ཞིག་ནས་སྤྱི་ཚོགས་དྲ་རྒྱའི་ཐོག་ཤུགས་ཆེན་ཁྱབ་ཡོད་རྐྱེན་ཁོའི་རང་དབང་ལ་བཀག་སྡོམ་བྱས་འདུག