23
Tue, Apr

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་རྒྱུའི་སྙན་ཞུ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༤་ཚེས་༦་ཉིན་སྤེལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱ་གཞུང་གིས་ཝུ་ཧན་ནད་དུག་གི་གནས་ཚུལ་སྦས་གསང་བྱས་ནས་འཛམ་གླིང་མི་མང་གི་ཚེ་སྲོག་ལ་ཉེན་ཁ་བཟོས་ཡོད་པའི་ཐོག་འགན་ཁུར་དགོས་དང་། རྒྱལ་སྤྱིའི་འཕྲོད་བསྟེན་ལས་ཁུངས་ཀྱི་འགན་འཛིན་རྩ་དགོངས་ཞུ་དགོས་པའི་སྙན་ཞུ་འབུལ་རྒྱུ་ཡིན་འདུག

དེ་ཡང་། ཟླ་འདིའི་ཚེས་༤་ནས་འགོ་བཙུགས་ཏེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག རྒྱ་གཞུང་གིས་ཝུ་ཧན་ནད་དུག་ཀྱི་གནས་ཚུལ་སྦས་གསང་བྱས་ནས་ད་ལྟར་འཛམ་གླིང་མི་མང་གི་ཚེ་སྲོག་ལ་ཉེན་ཁ་བཟོས་ཡོད་པའི་ཐོག་འགན་ཁུར་དགོས་དང་། དེ་བཞིན་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་གྱིས་རྒྱ་གཞུང་གིས་གང་བཤད་པ་ཉན་ནས་འཛམ་གླིང་ལ་དཀའ་ངལ་ཤུགས་ཆེན་སྤྲད་པར་བརྟེན། ཁོ་ལས་གནས་ནས་རྩ་དགོངས་ཞུ་དགོས་པའི་དགོས་དོན་བཏོན་ནས་དྲ་ཐོག་ནས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་བཞིན་འདུག ཟླ་གཅིག་གི་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེར་འབུལ་རྒྱུ་ཡིན་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམ་ཚེ་རིང་ལགས་ཀྱིས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཐོག་འདི་གར་གསར་ཁང་ལ་ངོ་སྤྲོད་གནང་དོན། དྲ་ཐོག་གི་མཚན་རྟགས་བསྡུ་རུབ་འདི་ནི་རྒྱ་གཞུང་གིས་ཝུ་ཧན་ནད་དུག་ཐོག་མ་བྱུང་སྐབས། ནད་དུག་དེའི་ཉེན་ཚབས་རྒྱལ་སྤྱིར་ཁྱབ་བསྒྲགས་མ་བྱས་པ་མ་ཟད། གསང་བ་བྱས་ཏེ་ད་ལྟར་འཛམ་གླིང་གི་མི་མང་ལ་དཀའ་ངལ་ཤུགས་ཆེན་འཕྲད་ཡོད། དེ་བཞིན་སྨན་པ་ཝེན་ལི་ཨམ་གྱིས་ནད་དུག་དེའི་ཉེན་ཚབས་ལྗིག་པོ་ཡོད་སྐོར་སྤྱི་ཚོགས་དྲ་རྒྱའི་ཐོག་བརྗོད་ཡོད་ཀྱང་། རྒྱ་གཞུང་གིས་ཁོར་ཉེས་འཛུགས་བྱས་ཡོད། དེར་བརྟེན། ཝུ་ཧན་ནད་དུག་འདིས་འཛམ་གླིང་གི་མི་གྲངས་ཁྲི་ལྔ་བཅུ་ལྷག་གི་ཚེ་སྲོག་ཤོར་ཡོད། རྒྱ་གཞུང་གིས་ནད་དུག་དེའི་ཐོག་བརྟག་དཔྱད་བྱེད་རྒྱུ་དང་འགོག་ཐབས་བྱེད་རྒྱུའི་ཚབ་དུ། ནད་དུག་དེར་ཞིབ་བཤེར་བྱེད་རྒྱུར་བཀག་སྡོམ་ཡང་བྱས་ཡོད། དེ་མ་ཟད་སྨན་པ་ཚོའི་དངོས་ཡོད་སྐད་ཆ་བཀག་ནས་འཛམ་གླིང་མི་མང་ལ་ནད་དུག་དེའི་ཉེན་ཚབས་ཐོག་རྫུན་བཤད་ཡོད།

ཟླ་དང་པོའི་ཚེས་༢༡་ཉིན། རྒྱ་གཞུང་གིས་གཞི་ནས་ནད་དུག་དེ་ནི་མི་ནས་མིར་འགོས་པའི་ནད་ཡམས་ཤིག་ཡིན་པ་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་ལ་བརྗོད་ཡོད། དེའི་སྐབས། ཝུ་ཧན་ནང་མི་གྲངས་ས་ཡ་༡༡་ལྷག་ལ་ནད་དུག་དེ་ཁྱབ་ཚར་ཡོད་པ་མ་ཟད། རྒྱ་ནག་རྒྱལ་ཡོངས་སུའང་ཁྱབ་ཡོད། དེ་བཞིན་ཉི་ཧོང་དང་། ལྷོ་ཁོ་རེ་ཡ། ཐེ་ལན། ཨ་རི་བཅས་ལའང་ཁྱབ་ཚར་ཡོད།

རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་གིས་རྒྱ་ནག་གི་ཏོག་ནད་ཐོག་ཐེ་ཝན་གྱིས་ཉེན་བརྡ་ལ་དོ་སྣང་སྤྲད་མེད་པ་མ་ཟད། སྔོན་འགོག་གི་ཐབས་ཤེས་ཀྱང་བཏོན་མེད། ཟླ་༢་ཚེས་༡༡་ཉིན་གཞི་ནས་ནད་དུག་དེ་ནི་ནད་ཡམས་ཆེན་པོ་ཞིག་ཡིན་པར་གསལ་བསྒྲགས་བྱས་ཡོད། དེའི་སྐབས། ཨེ་ཊར་ལི་དང་། སི་པན། ཨིན་རན། ཧྥི་རན་སི། དབྱིན་ཡུལ་བཅས་ལ་ནད་དུག་དེ་ཁྱབ་ཚར་ཡོད་ལ། མི་ཁག་ཅིག་ཀྱང་འདས་གྲོངས་སུ་ཕྱིན་ཟིན། དེ་ནི་ལྷན་ཚོགས་དེའི་འགན་འཛིན་གྱིས་རྒྱ་གཞུང་གི་གང་བཤད་པར་ཉན་ཏེ་འཐུས་ཤོར་ཕྱིན་པ་ཞིག་རེད།

གལ་སྲིད། རྒྱ་གཞུང་གིས་ཝུ་ཧན་ཏོག་དབྱིབས་ནད་དུག་དེ་མགྱོགས་པོ་ཕྱི་གསལ་ནང་གསལ་བྱས་ཡོད་ན། ནད་དུག་འདི་ཝུ་ཧན་ནང་གཅིག་པོ་མ་གཏོགས་ཁྱབ་མེད་སྲིད། འོན་ཀྱང་། རྒྱ་གཞུང་གིས་དངོས་ཡོད་གནས་ཚུལ་སྦས་གསང་བྱས་པ་དང་། བདེན་དཔང་མེད་པ་བཟོས་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་དགོས་པའི་དང་ཐོག་གི་ཆེས་གལ་ཆེ་བའི་གནས་ཚུལ་རྣམས་བཀག་འགོག་བྱས་ཡོད། རྒྱ་གཞུང་གིས་རྫུན་གཏམ་བཤད་པའི་རྐྱེན་གྱིས་འཛམ་གླིང་མི་མང་སྟོང་ཕྲག་མང་པོ་འདས་གྲོངས་སུ་ཕྱིན་ཡོད།

དེར་བརྟེན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་སྙན་ཞུ་འདི་བརྒྱུད་ནས་དགོས་དོན་གཉིས་བཏོན་ཡོད། གཅིག་ནི་རྒྱ་གཞུང་གིས་གནས་ཚུལ་སྦས་གསང་བྱས་ནས་ནད་དུག་དེ་འཛམ་གླིང་གང་སར་ཁྱབ་བཅུག་ཡོད་པར་ཞིབ་འཇུག་བྱེད་དགོས་པ་དང་། གཞན་ནད་དུག་དེའི་དབང་གིས་འགྲོ་བ་མིར་སྡུག་བསྔལ་ཚད་མེད་དང་སྤྱི་ཚོགས་དང་དཔལ་འབྱོར་སོགས་ཀྱི་ཐོག་དཀའ་ངལ་ཆེན་པོ་བཟོས་པར་རྒྱ་གཞུང་ལ་འགན་ཁུར་བཅུག་དགོས་པའང་ཉེས་འཛུགས་བྱེད་དགོས་པ་དེ་ཡིན། གཉིས་པ་ནི། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་གྱིས་ཐོག་མཐའ་བར་གསུམ་ནས་རྒྱ་གཞུང་གི་གང་བཤད་པར་ཉན་ནས་ནད་དུག་དེའི་ཉེན་ཚབས་འཛམ་གླིང་མི་མང་ལ་གསལ་བསྒྲགས་བྱས་ཐུབ་མེད་རྐྱེན་ཁོ་རང་ལས་གནས་ནས་དགོངས་པ་ཞུ་དགོས་ཡོད་པ་དེ་ཡིན།

མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ནང་དུ་འཛུལ་ཞུགས་བྱེད་མཁན་མང་པོ་བྱུང་ན་མཉམ་འབྲེལ་རྒྱལ་ཚོགས་ལ་སྙན་ཞུ་དེ་ཕུལ་རྗེས། ཁོ་ཚོས་དེའི་ཐོག་ངེས་པར་དུ་བསམ་བློ་གཏོང་དགོས་པ་དང་ཡ་ལན་སྤྲོད་དགོས་པ་ཆགས་ཀྱི་རེད། གཞན་ད་ལྟར་ནད་དུག་དེས་འཛམ་གླིང་གི་མི་རྣམས་ལ་དཀའ་ངལ་འཕྲད་བཞིན་ཡོད་སྟབས། མི་མང་པོ་ཞིག་གིས་དེའི་ཐོག་དོ་སྣང་དང་རྒྱ་གཞུང་ལ་སྐྱོན་བརྗོད་བྱེད་བཞིན་ཡོད། དེར་བརྟེན། མི་མང་པོ་ཞིག་གིས་དྲ་ཐོག་ནས་སྙན་ཞུ་འདི་ཀློག་ཡོད་དུས་ཕྱོགས་མང་པོ་ཞིག་ནས་རྒྱ་གཞུང་གིས་གང་བྱས་ཡོད་མེད་ཐོག་ཤེས་ཡོང་གི་ཡོད་རེད། དེར་བརྟེན། མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་འདི་བརྒྱུད་ནས་རྒྱ་གཞུང་ལ་གནོད་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

དྲ་ཐོག་ནས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་འདི་ཟླ་འདིའི་ཚེས་༤་ནས་འགོ་བཙུགས་ཏེ། ཟླ་གཅིག་གི་ཡས་མས་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་འབུལ་རྒྱུ་ཡིན་འདུག