04
Thu, Jun

ཏོག་དབྱིབས་ནད་དུག་བརྟད་དཔྱད་ཡོ་བྱད། པར། དྲ་ལམ།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༤་ཚེས་༢་ཉིན་སྤེལ། ཡུ་རོབ་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ནས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཡོ་ཆས་ཁྲི་ཕྲག་མང་པོ་སྤུས་ཚད་ལེགས་པོ་མེད་པའི་རྒྱུ་མཚན་གྱིས་དང་ལེན་མ་བྱས་པར་བཀག་སྡོམ་བྱས་འདུག

དེ་ཡང་། ཟླ་༣་ཚེས་༣༠་ཉིན་བྷི་བྷི་གསར་ཁང་ནས་གསར་འགྱུར་སྤེལ་བར་ལྟར་ན། ཡུ་རོབ་རྒྱལ་ཁབ་སི་པན་དང་། ཎེ་ཐེར་ལན། བྷེ་ཇིམ། ཊར་ཀི་བཅས་ཀྱིས་རྒྱ་ནག་ནས་བཟོས་པའི་ཏོག་དབྱིབས་ནད་དུག་བརྟག་དཔྱད་ཡོ་བྱད་དང་སྔོན་འགོག་གི་ཡོ་བྱད་ཁ་རས་ཁྲི་མང་པོ་སྤུས་ཚད་ལེགས་པོ་མེད་པ་དང་། བརྟག་དཔྱད་ཏག་ཏག་བྱེད་མི་ཐུབ་པ་བཅས་བརྗོད་ནས་དང་ལེན་མ་བྱས་པར་བཀག་སྡོམ་བྱས་འདུག

ཟླ་༣་ཚེས་༢༡་ཉིན་འབྱོར་བའི་རྒྱ་ནག་ནས་བཟོས་པའི་ཁ་རས་འབུམ་དྲུག་ཕྱིར་ལོག་བྱས་ཡོད་པ་ཎེ་ཐེར་ལན་གྱི་འཕྲོད་བརྟེན་བློན་ཆེན་གྱིས་གསལ་བསྒྲགས་བྱས་འདུག དེ་ཡང་། རྒྱ་ནག་གི་ཁ་རས་དེ་ཚོ་སྤུས་ཚད་ལེགས་པོ་ཡོད་པའི་ལག་འཁྱེར་ཡོད་རུང་། ཁ་རས་དེ་ཚོ་སྤུས་ཚད་ཏག་ཏག་མེད་པ་དང་དེའི་ཐོག་ཚགས་ཀྱིས་ལས་ཀ་བྱེད་ཀྱི་མི་འདུག དེར་བརྟེན། མཚོ་ཐོག་དངོས་ཟོག་སྐྱེལ་འདྲེན་ནང་ཡོད་པའི་ཡོ་ཆས་རྣམས་ལམ་སེང་མཚམས་འཇོག་བྱས་ཡོད་ཅིང་། ཡོ་ཆས་དེ་དག་བེད་སྤྱོད་གཅིག་ཀྱང་གཏོང་རྒྱུ་མིན་པར་བསྒྲགས་གཏམ་སྤེལ་འདུག

གཞན། སི་པན་གཞུང་ལའང་རྒྱ་ནག་གི་ཚོང་གཉེར་ཁང་ལ་མངགས་ཉོ་བྱས་པའི་ཏོག་དབྱིབས་ནད་དུག་བརྟག་དཔྱད་ཡོ་བྱད་སྤུས་ཚད་ཏག་ཏག་མེད་པའི་དཀའ་ངལ་གཅིག་པ་འཕྲད་ཡོད་འདུག སི་པན་གཞུང་གིས་རྒྱ་ནག་ནས་ཏོག་དབྱིབས་ནད་དུག་བརྟག་དཔྱད་ཡོ་བྱད་སྟོང་ཕྲག་མང་པོ་མངགས་ཉོ་བྱས་ཀྱང་། བརྟག་དཔྱད་ཡོ་བྱད་ཁྲི་དྲུག་ཙམ་གྱིས་མི་ཞིག་ལ་ཏོག་དབྱིབས་ནད་དུག་ཡོད་མེད་ཐོག་བརྟག་དཔྱད་ཏག་ཏག་བྱས་ཐུབ་མེད་པ་གསལ་སྟོན་བྱས་ཡོད་པར་གཞུང་གིས་གསལ་བསྒྲགས་བྱས་འདུག འོན་ཀྱང་། རྒྱ་གཞུང་དང་ཨ་ལི་བྷ་བྷ་ཚོང་གཉེར་ཁང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་ཞལ་འདེབས་བརྒྱབ་པའི་ཡོ་ཆས་གོང་གི་ནང་དུ་ཚུད་མེད་པ་རེད།

བྷེལ་ཇིམ་ནང་དུའང། ལེ་ཝན་གཙུག་ལག་སྨན་ཁང་གིས་རྒྱ་ནག་ནས་བཟོས་པའི་ཁ་རས་སྤུས་ཚད་ལེགས་པོ་མེད་པའི་རྐྱེན་གྱིས་ཡོ་ཆས་གསུམ་སྟོང་དང་ལེན་བྱས་མེད་། ཅེས་སྨན་ཁང་དེའི་འགན་འཛིན་གྱིས་བརྗོད་འདུག

ཊར་ཀི་གཞུང་གིས་ཀྱང་རྒྱ་ནག་གི་ཚོང་གཉེར་ཁང་ནས་མངགས་ཉོ་བྱས་པའི་ཏོག་དབྱིབས་ནད་དུག་བརྟག་དཔྱད་ཡོ་བྱད་ཏག་ཏག་མེད་པའི་སྐོར་འགྲེལ་བརྗོད་བྱས་འདུག 

དེ་ནས། ཡུ་རོབ་མཐུན་ཚོགས་ཀྱི་འགན་འཛིན་སྐུ་ཚབ་ཇོ་སེ་བྷོ་རེལ་གྱིས་ཡུ་རོབ་རྒྱལ་ཁབ་ཁག་ལ་རྒྱ་གཞུང་གིས་རྒྱལ་ཁབ་གཞན་གྱི་ནང་དུ་ཐབས་ཤེས་འདྲ་མིན་བྱས་ནས་ཤུགས་རྐྱེན་སླེབས་ཐབས་བྱེད་ཀྱི་ཡོད་པར་ཉེན་བརྡ་བཏང་འདུག རྒྱ་གཞུང་གིས་བཙན་ཤུགས་ངང་ནས་རྒྱ་ནག་ནི་ཨ་རི་དང་མི་འདྲ་བ་འགན་ཁུར་ཅན་དང་ཡིད་བརྟན་ཆོག་པའི་ཕྱག་སྦྲེལ་ཡིན་པ་འགྲེལ་བརྗོད་བྱེད་བཞིན་ཡོད། ང་ཚོས་དངོས་ཡོད་ལ་བལྟས་ནས་ཡུ་རོབ་འཕྱ་སྨོད་བྱེད་མཁན་ནས་སྲུང་སྐྱོབ་བྱེད་དགོས། ཞེས་ཇོ་སེ་བྷོ་རེལ་བརྗོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།