20
Sat, Apr

ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་རྒྱ་གར་གྱི་རྫོང་ཁག་༨༠་སྒོ་བརྒྱབ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༣་ཚེས་༢༣་ཉིན། རྒྱ་གར་དུ་ཏོག་དབྱིབས་ནད་དུག་ཕོག་མཁན་༤༡༨་བྱུང་ཡོད་ཅིང་། གཞུང་གིས་ཏོག་དབྱིབས་ནད་དུག་བྱུང་བའི་རྫོང་ཁག་༨༠་སྒོ་བརྒྱབ་འདུག གཞན་ནད་དུག་སྔོན་འགོག་དང་འབྲེལ་བའི་ཁྲིམས་གཞི་ཁག་དང་འགལ་ན། བཙོན་འཇུག་དང་དངུལ་གྱི་ཆད་པ་གཅོད་རྒྱུ་ཡིན་པར་བསྒྲགས་འདུག

དེ་ཡང་། ད་སྔ་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཕོག་མཁན་ཁྱོན་མི་གྲངས་འབུམ་གསུམ་དང་ཁྲི་བཞི་གཅིག་སྟོང་བྱུང་ཡོད་པ་དང་། དེའི་ཁྲོད་ནས་མི་གྲངས་གཅིག་ཁྲི་བཞི་སྟོང་བདུན་བརྒྱ་འདས་གྲོངས་སུ་ཕྱིན་འདུག དྲག་བསྐྱེད་བྱུང་བ་མི་ཁྲི་དགུ་དང་དགུ་སྟོང་ལྔ་བརྒྱ་བཞི་བཅུ་ཞེ་གཅིག་བྱུང་འདུག

རྒྱ་གར་གྱི་སྲིད་བློན་མོ་ཌི་མཆོག་གིས་བཀའ་ཁྱབ་ལྟར། ཁ་སང་རྒྱལ་ཡོངས་སུ་མི་ས་ཡ་མང་པོ་རང་ཁྱིམ་དུ་བསྡད་ནས་ཕྱིར་ཐོན་མེད་པ་དང་། ཉེན་རྟོག་པས་ལྟ་རྟོག་འོག་ཏུ་གནས་འདུག ཉིན་དེའི་ཆུ་ཚོད་ལྔ་པར་མི་ཚོས་སྒོ་ཕྱིར་ཐོན་ནས་ལག་པ་རྡེབ་པ་དང་། དྲིལ་བུ་རྡུང་བ་བཅས་བྱས་འདུག དེ་ནི་རྒྱ་གར་གྱི་འཕྲོད་བསྟེན་སྡེ་ཚན་གྱི་སྨན་པ་དང་སྨན་ཞབས་པ། ཉེན་རྟོག་པ་སོགས་ཏོག་དབྱིབས་ནད་དུག་ལ་འཐབ་མཁན་ཚོར་བཀའ་དྲིན་མཚོན་ཆེད་ཡིན་འདུག དེའི་རྗེས། སྲིད་བློན་མོ་ཌི་མཆོག་གིས་འདི་ནི་བཀའ་དྲིན་མཚོན་ཆེད་ཁོ་ན་མིན་པ། རྒྱ་གར་བ་ཚོས་ཏོག་དབྱིབས་ནད་དུག་སྔོན་འགོག་དང་གདོང་ལེན་བྱས་ནས་རྒྱལ་ཁ་ཐོབ་པའི་མཚོན་རྟགས་ཤིག་རེད། ཅེས་བཀོད་འདུག

དེ་བཞིན་རྒྱ་གར་དབུས་དང་མངའ་སྡེ་གཞུང་གིས་དབུས་འཛིན་མངའ་ཁུལ་བཅས་ཁྱོན་རྫོང་ཁག་༨༠་ཡོངས་སུ་འགྲོ་ཡོང་བཀག་སྡོམ་བྱེད་དགོས་པའི་བཀའ་རྒྱ་བཏང་འདུག དབུས་འཛིན་མངའ་ཁུལ་ལྡི་ལི་དང་། མངའ་སྡེ་རཱ་ཇཱི་སི་ཐན། མཱ་ཧཱ་རཱ་ཤི་ཏི་རའི་རྫོང་ཁག་ཅིག ཡུར་པི་མངའ་སྡེ། ནུབ་བྷན་གྷ། གྷུ་ཇི་ར་ཏི། མཱ་ཌི་ཡ་མངའ་སྡེ། ཧི་མ་ཅལ་གྱི་ཀང་ར་རྫོང་། ཨུག་ཊར་ར་ཁན་མངའ་སྡེ། བཅས་ཟླ་འདིའི་ཚེས་༢༣་ཉིན་ནས་ཚེས་༣༡་བར་སྒོ་བརྒྱབ་ཡོང་པ་དང་། ས་ཆ་དེ་དག་ནང་དུ། དགོས་ངེས་ཅན་གྱི་ཚོང་ཁང་མ་གཏོགས། གཞན་ལས་ཁུངས་དང་། ཤེས་ཡོན་སྡེ་ཚན། རང་དབང་ཅན་གྱི་སྡེ་ཚན། གཞུང་གི་ཚོང་ལས་ཁང་། སྒེར་གྱི་ཚོང་ལས་ཁང་། ཚོང་ཁང་ཆེན་མོ། ཚོང་ཁང་ཆུང་བ། གཞུང་གི་རླུངས་འཁོར་བཅས་བཀག་སྡོམ་བྱས་འདུག

ཀང་ར་རྫོང་ནས་ཏོག་དབྱིབས་ནད་དུག་ཕོག་མཁན་གཉིས་བྱུང་ཡོད་པ་ནི། ཌོ་བྷད་ནས་ཚུར་ལོག་ཡོང་བའི་རྒྱ་གར་བ་ལོ་ན་༦༣་སོན་པའི་སྐྱེས་མེད་གཅིག་དང་། སིང་གྷ་པུ་ནས་ཚུར་ལོག་ཡོང་བའ་རྒྱ་གར་བ་ལོ་ན་༣༢་ལ་སོན་པའི་སྐྱེས་པ་གཅིག་ཡིན་འདུག ཁོ་གཉིས་ལྡི་ལི་ནས་ཀ་གྷི་རའི་ཁོ་གཉིས་ཀྱི་སྡོད་གནས་ཤཱ་ཧཱ་པུར་དང་ལུན་ཇ་བར་དུ་སྤྱི་སྤྱོད་རླུངས་འཁོར་ནང་དུ་སླེབས་ཡོད་འདུག ཀང་ར་སྲིད་གཞུང་གིས་ཁོ་གཉིས་མཉམ་དུ་སྐྱོད་མཁན་གྱི་འགྲུལ་སྐྱོད་པ་དེ་ཚོ་འཚོལ་བཞིན་ཡོད་པ་དང་། འགྲུལ་པ་དེ་ཚོས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་རང་ཉིད་ཟུར་བཀག་བྱས་ནས་ཁྱིམ་དུ་སྡོད་དགོས་པ་དང་། གལ་སྲིད་མི་བདེ་བ་བྱུང་ན་ལམ་སང་སྨན་ཁང་བརྟག་དཔྱད་ཆེད་ཡོང་དགོས་པར་བསྒྲགས་འདུག

དེ་བཞིན། ཏོག་དབྱིབས་ནད་དུག་དང་འབྲེལ་བའི་ཐོག་གནས་ཚུལ་རྫུན་མ་སྤེལ་མཁན་ཡོང་བཞིན་ཡོད་པ་དང་། མང་ཚོགས་ལ་གནས་ཚུལ་དངོས་གནས་སྤྲོད་ཆེད། ཀང་ར་སྤྱི་ཁྱབ་གཞོན་པས་གསར་འགྱུར་བརྒྱུད་ལམ་ཁག་ལ་ཉིན་རེའི་ཞོགས་པ་ཆུ་ཚོད་༡༡་ཐོག་དང་ཕྱི་རོལ་ཆུ་ཚོད་༥་པའི་ཐོག་ལ་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་གནས་ཚུལ་གསལ་བསྒྲགས་བྱེད་རྒྱུ་ཡིན་འདུག

ཀང་ར་རྫོང་དུ་ཏོག་དབྱིབས་ནད་དུག་ཕོག་མཁན་གཉིས་ཐོན་ནས་བཟུང་། ས་གནས་ཉེན་རྟོག་པས་མི་བཞི་དང་བཞི་ལས་མང་བར་མཉམ་འཛོམས་བྱས་ན་རྒྱ་གར་ཁྲིམས་གཞི་ཨང་༢༦༩་དང་། ཁྲིམས་གཞི་ཨང་༢༧༠་པ། ཁྲིམས་གཞི་ཨང་༡༨༨་པ་བཅས་འགལ་ཀྱི་ཡོད་པ་དང་། བཙོན་དུ་བཅུག་པ་དང་དངུལ་གྱི་ཆད་པ་གཅོད་རྒྱུ་ཡིན་པར་བསྒྲགས་འདུག ཁྲིམས་གཞི་ཨང་༢༦༩་པ་ནི་ནད་དུག་ཁྱབ་སྤེལ་བཏང་ནས་ཚེ་སྲོག་ལ་ཉེན་ཁ་བཟོས་པ། ཁྲིམས་གཞི་ཨང་༢༧༠་ནི་གཅོང་ནད་རིགས་ཁྱབ་སྤེལ་བྱེད་པའི་བྱ་སྤྱོིད། ཁྲིམས་གཞི་ཨང་༡༨༨་ནི་གཞུང་གི་བཀའ་རྒྱར་མ་རྩིས་པ། བཅས་ཀྱི་ཡིན་འདུག

གཞན་ཡང་། ཀང་ར་རྫོང་གི་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་ཐོག་གྲ་སྒྲིག་བྱེད་བཞིན་ཡོད་པ་ནི། དེའི་སྔོན་རྫོང་ཐོག་ཏུ་ཏོག་དབྱིབས་ནད་དུག་ཕོག་མཁན་ཆེད་ཟུར་བཀག་ཁང་༡༠༠་ཡོད་པ་དང་། ད་ལྟར་ཁང་པ་༥༠༠་མང་རུ་བཏང་ཡོད་འདུག གཞུང་གི་སྨན་ཁང་དང་དགོས་ངེས་ཅན་གྱི་ཟས་རིགས་ཚོང་ཁང་མ་གཏོགས། དངུལ་ཁང་དང་། ལས་ཁུངས། ཚོང་ཁང་གཞན་ཆ་ཚང་སྒོ་བརྒྱབ་ནས་ཁྱིམ་དུ་ལས་ཀ་བྱེད་དགོས་པ་བཟོས་འདུག དེ་བཞིན། ཧི་མ་ཅལ་མངའ་སྡེས་འཛིན་གྲྭ་བཅུ་པ་དང་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་གནས་སྐབས་རིང་ཕྱིར་འཐེན་བྱས་འདུག

བོད་མིའི་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད། གཞུང་གི་ལས་ཁུངས་གཙང་མ་བཟོས་གནང་ཡོད་པ་དང་། གཞུང་གི་ལས་བྱེད་ཕྱེད་ཀ་ཉུང་དུ་བཏང་འདུག ནད་དུག་དང་འབྲེལ་བའི་ཐོག་མི་མང་ལ་དྲ་ཐོག་ནས་གོ་རྟོགས་ཀྱང་སྤེལ་འདུག ལས་ཁུངས་རེར་ཚ་བ་བརྟག་དཔྱད་ཡོ་བྱད་གནང་རྒྱུ་དང་། ཏོག་དབྱིབས་ནད་དུག་དོགས་ཡོད་དང་ཕོག་མཁན་བྱུང་ན་སྣེ་ལེན་ཁང་དུ་ཟུར་བཀག་ཆེད་ཁང་པ་བཅས་གྲ་སྒྲིག་གནང་ཡོད་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུངས་འདུག