20
Sat, Apr

རྒྱ་གར་གྱི་སློབ་ཕྲུག་ཚོས་ཁ་ཤུབས་གྱོན་ནས་སློབ་ཚན་ལ་ཉན་བཞིན་པ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༣་ཚེས་༦་ཉིན་སྤེལ། རྒྱལ་སྤྱིའི་སྟེང་ཏོག་དབྱིབས་རིམ་ནད་ཁྱབ་བཞིན་ཡོད་པ་དང་། ད་སྔ་རྒྱ་གར་ལ་ནད་དུག་དེ་ཕོག་མཁན་༣༡་བྱུང་བར་བརྟེན། ལྡི་ལི་གཞུང་གིས་དམའ་རིམ་སློབ་གྲྭ་ཚང་མ་སྒོ་བརྒྱབ་ཡོད་པ་དང་། ལྷོ་ཁོ་རི་ཡ་དང་ཨི་ཊ་ལི། ཉི་ཧོང་། ཨི་རན། རྒྱ་ནག་བཅས་ཀྱི་མི་སེར་དང་རྒྱལ་ཁབ་དེ་ཚོའི་ནང་དུ་ཉེ་ཆར་ཕྱིན་པའི་མི་ཚོར་མཐོང་མཆན་སྤྲོད་རྒྱུ་ཕལ་ཆེ་བ་མཚམས་འཇོག་བྱས་འདུག

དེ་ཡང་། རྒྱ་གར་ནང་དུ་ཏོག་དབྱིབས་རིམ་ནད་དེ་ཕོག་མཁན་མང་དུ་ཕྱིན་པའི་དབང་གིས། ཁ་སང་། རྒྱ་གར་ལྡི་ལིའི་བློན་ཆེན་གཞོན་པས་ལྡི་ལིར་ཡོད་པའི་དམའ་རིམ་སློབ་གྲྭ་ཚང་མ་ཟླ་འདིའི་ཚེས་༣༡་བར་དུ་སྒོ་རྒྱག་དགོས་པའི་གསལ་བསྒྲགས་བྱས་འདུག གཞན་ཡུ་རོབ་ནང་དུ་རིམས་ནད་དེ་ཁྱབ་གདལ་ཤུགས་ཆེན་ཕྱིན་པའི་རྒྱལ་ཁབ་ཨི་ཊར་ལི་དང་ཨེ་ཤེ་ཡའི་རྒྱལ་རྒྱལ་ཁབ་ལྷོ་ཁོ་ཡ་གཉིས་ཀྱི་འགྲུལ་མི་དམ་བསྒྲགས་གསར་བ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་། རྒྱ་གར་གཞུང་གིས་ཉི་ཧོང་དང་། ལྷོ་ཁོ་རི་ཡ་དང་ཨི་ཊ་ལི། ཨི་རན། རྒྱ་ནག་བཅས་ཀྱི་མི་སེར་དང་། འདི་ལོའི་ཟླ་༢་པའི་ནང་དུ་གོང་གི་རྒྱལ་ཁབ་དེ་ཚོའི་ནང་དུ་ཕྱིན་པའི་མི་ཚོར་མཐོང་མཆན་སྤྲོད་རྒྱུ་ཕལ་ཆེ་བ་མཚམས་འཇོག་བྱས་འདུག དེ་བཞིན་རྒྱ་གར་ནང་དུ་ལྷོ་ཁོ་རི་ཡ་དང་ཨི་ཊར་ལི་ནས་ཡོང་བའི་མི་རྣམས་ལ་ཏོག་དབྱིབས་རིམས་ནད་ཕོགས་མེད་པའི་ལག་ཁྱེར་དགོས་ཡོད་པའི་བཀའ་ཁྱབ་བཏང་འདུག

ཝུ་ཧུན་གྱི་ཏོག་དབྱིངས་རིམ་ནད་དེ་ཡུ་རོབ་ནང་དུ་ཁྱབ་བཞིན་ཡོད་རྐྱེན། རྒྱ་གར་གྱི་སྲིད་བློན་ཎ་རེན་ཌིར་མོ་ཌི་མཆོག་གིས་བྷེད་ཇམ་རྒྱལ་ས་བྷི་རུ་སུར་ཡུ་རོབ་མཐུན་ཚོགས་དང་མཉམ་དུ་ཚོགས་འདུ་ཞིག་ཡོད་པ་དེའང་ཕྱིར་འགྱངས་བྱས་འདུག རྒྱ་གར་གཞུང་གིས་ཟླ་༢་པའི་ཚེས་༡༢་ནས་རྒྱ་གར་ནང་གི་ཏོག་དབྱིབས་རིམས་ནད་འགོག་པའི་ཁ་རས་དང་ལག་ཤུབས་བཅས་ཕྱིར་རྒྱལ་ཁབ་ལ་གཏོང་རྒྱུར་བཀག་སྡོམ་བྱས་ཡོད་འདུག

དེ་རིང་། འབྲུག་རྒྱལ་ཁབ་ཀྱི་འཕྲོད་བསྟེན་བློན་ཆེན་གྱིས་བདུན་ཕྲུག་གཉིས་རིང་། རྒྱལ་ཁབ་དེའི་ནང་དུ་ཡུལ་སྐོར་སྤྲོ་འཁྱམ་པ་ཡོང་རྒྱུར་བཀག་སྡོམ་བྱས་པའི་གསལ་བསྒྲགས་གནང་འདུག དེ་ཡང་། འབྲུག་གི་ནང་དུ་ཏོག་དབྱིབས་རིམས་ཕོག་མཁན་ཐོག་མ་དེ་བྱུང་ཡོད་པ་དང་། དེ་ནི་ལོ་ན་༧༩་སོན་པའི་ཨ་རིའི་མི་སེར་ཡིན་ཞིང་། ཟླ་འདིའི་ཚེས་༣་ཉིན་རྒྱ་གར་ནས་འབྲུག་ལ་ཡོང་ཡོད་འདུག དེ་བཞིན་འབྲུག་གིས་བདུན་ཕྲག་གཉིས་རིང་སློབ་གྲྭ་ཁག་ཅིག་སྒོ་རྒྱག་རྒྱུ་དང་། རྒྱལ་སྤྱིའི་ཚོགས་འདུ་དང་ཚོགས་འདུ་གཞན་བཅས་གནས་སྐབས་རིང་ཕྱིར་འགྱངས་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡང་ཡོད་འདུག

རྒྱལ་སྤྱིའི་ཐོག་ད་སྔར་ཏོག་དབྱིབས་རིམས་ནད་ཕོགས་མཁན་༩༨༠༠༠་ལྷག་བྱུང་ཡོད་པ་དང་། འབུམ་གཅིག་སླེབས་ལ་ཉེ་འདུག མི་གྲངས་༣༥༠༠་ལྷག་འདས་གྲོངས་ཕྱིན་ཡོད་འདུག ཁ་སང་། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་འགན་འཛིན་མཆོག་གིས། ཏོག་དབྱིབས་རིམས་ནད་དེ་འབུམ་གཅིག་ལ་བརྒལ་ལ་ཉེ་བའི་དུས་འདིར། ང་ཚོས་དེའི་ཐོག་ལག་ལེན་གང་ཐུབ་བསྟར་བའི་དུས་ལ་སླེབས་ཡོད། ཅེས་བརྗོད་འདུག

ཏོག་དབྱིབས་ཅན་གྱི་གློ་ནད་ནད་ཡམས་དེ་ནི་ཆམ་ནད་དང་འདྲ་བ་ཡིན་འདུག དེའི་ནད་རྟགས་ནི་གློ་སྐམ་པོ་རྒྱག་པ་དང་། སྣ་ཆུ་འཛག་པ། ཚ་བ་འཕར་བ། མིད་པ་ཚ་བ་སོགས་ཡོང་གི་ཡོད་འདུག

དེར་འགོག་ཐབས་ཁག་ནི། མི་མང་འདུ་འཛོམས་ཆེ་སར་མི་འགྲོ་བ། ཕྱིར་འགྲོ་སྐབས་ཁ་རས་རྒྱོབ་པ། ལག་པ་རྒྱུན་དུ་ལེགས་པོ་འཁྲུ་བ། བཅུད་ལྡན་གྱི་ཟས་ཟོས་ནས་ནད་འགོག་གི་མ་ལག་ཤུགས་ཆེ་རུ་གཏོང་བ། ཉེ་ཆར་རྒྱ་ནག་ནས་ཡོང་བའི་རྒྱ་རིགས་ཚོ་དང་ཐག་ཉེ་འབྲེལ་བ་མི་བྱེད་པ། ཆམ་ནད་རིགས་ཀྱི་ནད་རྟགས་ཐོན་རྗེས་སྨན་ཁང་དུ་བརྟག་དཔྱད་བྱེད་པ་བཅས་ཡིན་འདུག